སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་འགོ་ཁྲིད་ཀྱི་གོ་གནས་དེ་ལྷོ་ཨ་རིའི་རྒྱལ་ཁབ་བྷར་ཛིལ་ལ་རྩིས་སྤྲད་འདུག
ཟླ་འདིའི་ཚེས་༡༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱིས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་འགོ་ཁྲིད་ཀྱི་གོ་གནས་དེ་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བྷར་ཛིལ་ལ་རྩིས་སྤྲོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༠ ཉིན་རྒྱ་གར་གྱི་གཙོ་སྐྱོང་འོག་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐེངས་བཅོ་བརྒྱད་པའི་མཇུག་སྡོམ་གྱི་མཛད་སྒོའི་ཐོག། རྒྱ་གར་གྱིས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་འགོ་ཁྲིད་ཀྱི་གོ་གནས་དེ་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བྷར་ཛིལ་ལ་རྩིས་སྤྲོད་བྱས་ཡོད་ཀྱང། ལོ་འདིའི་ཕྱི་ཟླ་༡༢ ཚེས་༣༠ བར་རྒྱ་གར་གྱིས་འགོ་ཁྲིད་ཀྱི་གོ་གནས་མུ་མཐུད་ནས་འཛིན་རྒྱུ་ཡིན་འདུག
ཕྱི་ལོ་༢༠༢༢ ཟླ་༡༢ ཚེས་༡ ཉིན་རྒྱ་གར་གྱིས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་འགོ་ཁྲིད་ཀྱི་གོ་གནས་དེ་ཧིན་རྡུ་ནི་ཤི་ཡའི་ལག་ནས་རྩིས་ལེན་བྱས་ཡོད་པ་དང་། དུས་དེ་ནས་བཟུང་རྒྱ་གར་གྱི་གཙོ་སྐྱོང་འོག་གྲོང་ཁྱེར་༦༠ ནང་ལྷན་ཚོགས་མི་འདྲ་བ་༢༢༠ ཚོགས་ཐུབ་པ་བྱུང་ཡོད་འདུག
ལྷག་པར་དུ་ཟླ་འདིའི་ཚེས་༩ དང་༡༠ བཅས་ཉིན་གྲངས་གཉིས་ཀྱི་རིང་། རྒྱ་གར་གྱི་གཙོ་སྐྱོང་འོག་རྒྱལ་ས་ལྡི་ལི་ལ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་སྐབས། རྒྱལ་ཁབ་ཁག་དང་འཛམ་གླིང་ཐོག་གི་ཚོགས་པ་ཆེ་ཁག་བཅས་ཀྱི་དབུ་ཁྲིད་༤༣ མཉམ་ཞུགས་གནང་ཡོད་པ་མ་ཟད། རྒྱལ་ཁབ་༡༡༥ ནས་སྐུ་ཚབ་འཐུས་མི་༢༥༠༠༠ ཚོགས་ཐོག་ཏུ་མཉམ་ཞུགས་གནང་ཡོད་འདུག
རྒྱ་གར་གཞུང་གིས་འགྲིམ་འགྲུལ་དང་བདེ་འཇགས། དེ་བཞིན་འཛུག་བསྐྲུན་སོགས་ལྷན་ཚོགས་དེའི་ཆེད་དུ་ཧིན་སྒོར་ཀ་རོ་༤༢༥༤ (Crores) འགྲོ་སོང་བཏང་ཡོད་པ་མ་ཟད། ལྷན་ཚོགས་ཀྱི་དུས་ཡུན་རིང་། རྒྱལ་ས་ལྡི་ལི་ལ་བདེ་འཇགས་མི་སྣ་༡༣༠༠༠༠ འགྲིམ་འཇོག་བྱས་ཡོད་འདུག
ཐེངས་འདིའི་ཚོགས་ཆེན་ཐོག་ཚོགས་ཁོངས་རྒྱལ་ཁབ་ཐུན་མོང་གིས་ངོས་ལེན་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་ཐུབ་པ་དེར་ཨ་རི་དང་ཨུ་རུ་སུ། དབྱིན་ཡུལ་དང་ཇར་མན་སོགས་ཀྱིས་བསྔགས་བརྗོད་བྱས་ཡོད་ཀྱང་། ཡུག་རེན་གྱིས་བསྒྲགས་གཏམ་དེ་ལ་སྤོབས་པ་བྱ་རྒྱུ་གང་ཡང་མི་འདུག་ཅེེས་བརྗོད་ཡོད་འདུག
ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པ་ནས་བཟུང་། རྒྱལ་སྤྱིའི་ཐོག་གི་ལྷན་ཚོགས་དུ་མའི་ནང་ཨུ་རུ་སུ་ལ་སྐྱོན་བརྗོད་བྱས་ཡོད་ཀྱང་། ཐེངས་འདིའི་ལྷན་ཚོགས་ཐོག་ཨུ་རུ་སུ་ལ་ཐད་ཀར་སྐྱོན་བརྗོད་བྱས་མེད་པ་དེ་ཨུ་རུ་སུའི་རྒྱལ་ཁ་ཞིག་ཆགས་ཡོད་འདུག
ལྷག་པར་དུ་ཐེངས་འདིའི་ལྷན་ཚོགས་ཐོག་ཨ་ཧྥེ་རི་ཁ་མཉམ་འབྲེལ་མཐུན་ཚོགས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཁོངས་སུ་བཅུག་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག
༢༠༢༤ ལོའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་དེ་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་དུ་འཚོགས་རྒྱུ་ཡིན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།

 
							