སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ཐེངས་༤༩པ་ཉི་ཧོང་དུ་འཚོག་རྒྱུ།

ཟླ་འདིའི་ཚེས་༡༨ ཉིན་(INDIA TODAY) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན།  འཛམ་གླིང་ཐོག་བཟོ་ལས་ཡར་ཐོན་གྱི་རྒྱལ་ཁབ་བདུན་གྱི་(G7) ལྷན་ཚོགས་ཐེེངས་༤༩ པ་དེ་ཉིད་ཟླ་འདིའི་ཚེས་༡༩ ནས་༢༡ བར་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཞི་མ་ (Hiroshima) ལ་འཚོག་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

ཐེངས་འདིའི་ལྷན་ཚོགས་གཙོ་སྐྱོང་གནང་མཁན་ཉི་ཧོང་གིས་ཚོགས་མི་རྒྱལ་ཁབ་ཁག་གི་སྐུ་ཚབ་གཙོས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་དང་འཛམ་གླིང་དངུལ་ཁང་། འཛམ་གླིང་ཚོང་དོན་སྒྲིག་འཛུགས་དང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སོགས་ཀྱི་སྐུ་ཚབ་གདན་འདྲེན་ཞུས་ཡོད་འདུག

ཉི་ཧོང་གི་ཕྱི་དྲིལ་བློན་ཆེན་གྱིས་བརྗོད་གསལ་ལྟར་ན། ཐེངས་འདིའི་ལྷན་ཚོགས་ཀྱི་གྲོས་གཞི་ཁག་ནི་དཔལ་འབྱོར་གྱི་བདེ་འཇགས་དང་། རྡུལ་ཕྲན་མཚོན་ཆ་ཉུང་འཕྲི་བྱེད་རྒྱུའི་སྐོར་དང་ཡུག་རེན་གྱི་གནད་དོན་སོགས་ཡིན་འདུག

 ཟླ་འདིའི་ཚེས་༡༩ ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་ལྷན་ཚོགས་དེའི་ཆེད་དུ་ཉི་ཧོང་དུ་ཕེབས་རྒྱུ་རེད་འདུག་ལ། རྒྱ་གར་གྱིས་ཕྱི་ལོ་༡༩༧༤ ལོ་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པ་ནས་བཟུང་རྒྱ་གར་གྱི་སྲིད་བློན་ཞིག་ཉི་ཧོང་དུ་ཕེབས་པ་ཐོག་མ་དེ་ཆགས་ཡོད་འདུག རྡུལ་ཕྲན་མཚོན་ཆ་ཉུང་འཕྲིའི་ཆིངས་ཡིག་ལ་མཚན་རྟགས་བཀོད་མེད་མཁན་རྒྱལ་ཁབ་ཁ་ཤས་ཡོད་པའི་ནང་ནས་རྒྱ་གར་གྱིས་ཀྱང་མཚན་རྟགས་བཀོད་མེད་པས་ཐེངས་འདིའི་ལྷན་ཚོགས་ཐོག་རྒྱ་གར་གྱི་སྲིད་བློན་ཕེབས་པ་ནི་གལ་འགངས་ཆེ་བ་ཞིག་ཆགས་ཡོད་འདུག

ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཞི་མ་ (Hiroshima) ནི་རྡུལ་ཕྲན་མཚོན་ཆའི་གནོད་འཚེ་ཕོག་སའི་ས་ཆ་ཐོག་མ་དེ་ཆགས་ཡོད་པ་མ་ཟད། ཉི་ཧོང་སྲིད་བློན་( Kishida) ཡི་ཕ་ཡུལ་ཡང་ཆགས་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ཚོགས་སའི་ས་ཆ་འདེམས་སྟངས་ལ་བལྟས་ན་ལྷན་ཚོགས་ཀྱི་གྲོས་གཞི་གལ་ཆེ་བ་ཞིག་ནི་རྡུལ་ཕྲན་མཚོན་ཆ་ཉུང་འཕྲི་བྱེད་རྒྱུ་དེ་ཡིན་པ་མཚོན་ཐུབ་ཀྱི་ཡོད་འདུག ཡིན་ན་ཡང་། ད་ལྟའི་ཆར་རྒྱ་ནག་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་གཏོང་སྟངས་དང་། ཨུ་རུ་སུས་ཡུག་རེན་ལ་རྡུལ་ཕྲན་མཚོན་ཆའི་ཉེན་བརྡ་གཏོང་སྟངས་ལ་གཞིགས་ན་རྡུལ་ཕྲན་མཚོན་ཆ་ཉུང་འཕྲི་བྱེད་རྒྱུའི་ལམ་ཁ་དེ་ཁག་པོ་དང་གུ་དོག་པོ་ཞིག་ཆགས་ཀྱི་ཡོད་འདུག

ལྷན་ཚོགས་དེ་ནི་ཕྱི་ལོ་༡༩༧༥ ལོར་དབུ་འཛུགས་བྱས་པ་དང་སྐབས་དེར་འཛམ་གླིང་ཁྱོན་ཡོངས་ལ་དཔལ་འབྱོར་ཉམས་ཉེས་དང་སྣུམ་གྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཡོད་པར་བརྟེན། བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་དྲུག་གིས་མཉམ་རུབ་ཐོག་ཚོགས་པ་དེ་གསར་འཛུགས་བྱས་ནས་གོ་ལའི་དཔལ་འབྱོར་གྱི་གནད་དོན་ཐོག་ལ་གྲོས་བསྡུར་བྱས་ཡོད་འདུག

ཕྱི་ལོ་༡༩༧༦ ལོ་ཁན་ན་ཊ་དང་ཕྱི་ལོ་༡༩༩༨ ལོར་ཨུ་རུ་སུ་བཅས་ཚོགས་པ་དེའི་ནང་དུ་འཛུལ་ཞུགས་བྱས་ཡོད་ཀྱང་། ཕྱི་ལོ་༢༠༡༤ ལོར་ཨུ་རུ་སུས་ཁེ་རེ་མ་ཡ་(Crimea) ཞེས་པའི་ས་ཁུལ་དེ་ཨུ་རུ་སུའི་དབང་འོག་ཏུ་ཟླ་སྒྲིལ་བཏང་བར་བརྟེན། ཨུ་རུ་སུ་ལྷན་ཚོགས་དེ་ནས་གནས་དབྱུང་བཏང་ཡོད་འདུག ད་ལྟའི་ཆར་ལྷན་ཚོགས་དེའི་ཚོགས་མི་རྒྱལ་ཁབ་དག་ནི་ཨ་རི་དང་ཉི་ཧོང་། དབྱིན་ཇི་དང་ཧྥ་རན་སི། ཁན་ན་ཊ་དང་འཇར་མན་ནི། ཨེ་ཊ་ལི་བཅས་ཡིན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།