སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལ་ཁ་གཏད་གཅོག་རྒྱུ་ཡིན་འདུག 

འཛམ་གླིང་གི་མང་གཙོའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་སྐབས་སུ། རྒྱ་ནག་གཞུང་གི་རྒྱུད་གཅིག་ལམ་གཅིག་ལ་ཁ་གཏད་གཅོག་ཆེད་དུ། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ནང་དུ་འཛུགས་སྐྲུན་ཆེད་དུ་མ་འཛུགས་བྱེད་འཆར་འདུག 

ཟླ་༦ པའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། མང་གཙོའི་སྟོབས་ཆེན་རྒྱལ་ཁབ་འཇར་མན་དང་ཨ་རི། ཁེ་ན་ཌ། ཉི་ཧོང་། དབྱིན་ཡུལ། ཧྥ་རན་སི། ཨི་ཊ་ལི། ཡུ་རོབ་མཐུན་ཚོགས་བཅས་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ཐོག་ཏུ། རྒྱ་ནག་གཞུང་གིས་དམིགས་ཡུལ་ཆེན་པོའི་ལས་གཞི་རྒྱུད་གཅིག་ལམ་གཅིག་གི་ཆེད་དུ། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ནང་དུ་འཛུགས་སྐྲུན་གྱི་ལས་གཞིར་མ་འཛུགས་བྱེད་བཞིན་ཡོད་པ་དང་། དེ་དག་ནི་རྒྱ་ནག་གཞུང་གིས་སྒེར་གྱི་ཁེ་ཕན་ཁོ་ནར་དམིགས་པ་ཡིན་ཁར། རྒྱལ་ཁབ་དེ་དག་ཁག་ཅིག་བུ་ལོན་ནང་དུ་ཚུད་ནས་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་སྐོར་བརྗོད་འདུག 

ལྷན་ཚོགས་ཀྱི་ཚོགས་མི་ཚོས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལ་ཁ་གཏད་གཅོག་ཆེད་དུ། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ནང་དུ་འཛུགས་སྐྲུན་ལས་གཞིའི་ཆེད་དུ། ལོ་ལྔ་ཡི་རིང་གཞུང་དང་སྒེར་གྱིས་མ་འཛུགས་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག 

ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་ལ་རྒྱལ་སྤྱི་ཁྱོན་ཡོངས་སུ་འཕྲད་པའི་དཀའ་ངལ་དཔེར་ན་ཏོག་དབྱིབས་ནད་དུག་ལྟ་བུར་ཁ་གཏད་གཅོག་པའི་འཛུགས་སྐྲུན་དང་ཆ་རྐྱེན་མེད་པས། དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ཁར་དང་དཀའ་ངལ་དེ་དག་ནས་ཐར་ཏེ་བསྐྱར་གསོ་ཡོང་བར་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པས། ཨ་རིས་རྒྱལ་ཁབ་དེ་དག་ནང་དུ་འཛུགས་སྐྲུན་ཆེད་དུ་གཞུང་དང་སྒེར་གྱི་ཚོགས་སྡེ་ཁག་ནས་ཨ་སྒོར་ཐེར་འབུམ་༢༠༠ ཡི་མ་འཛུགས་བྱེད་རྒྱུ་ཡིན་པ་དང། མ་འཛུགས་དེ་འདྲ་བྱེད་དགོས་དོན་ནི་འགྲོ་བ་མིའི་བདེ་སྡུག་དང་འབྲེལ་བའི་སེམས་འཚབ་ཡོད་པ་ཙམ་མིན་པར། དེ་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་དང་བདེ་འཇགས་ཀྱི་སེམས་འཚབ་དང་འབྲེལ་བ་ཡོད་པ། དེ་བཞིན་མ་འཛུགས་དེ་རིགས་ཀྱིས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོར་མང་གཙོའི་རྒྱལ་ཁབ་ཁག་དང་མཉམ་ལས་བྱས་ཚེ། ཁེ་ཕན་གང་འདྲ་ཡོད་མེད་གསལ་པོ་སྟོན་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུག 

ཡུ་རོབ་མཐུན་ཚོགས་ནས་ཨ་སྒོར་ཐེར་འབུམ་༣༡༧ མ་འཛུགས་བྱེད་རྒྱུ་ཡིན་འདུག་པ་དང་། དེ་བཞིན་ཚོགས་མི་རྒྱལ་ཁབ་གཞན་ཚོས་ཀྱང་ལོ་ལྔའི་རིང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ནང་དུ་མ་འཛུགས་ལས་གཞི་སྤེལ་རྒྱུ་ཁས་ལེན་བྱས་ཡོད་འདུག རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ནས་ཁྱོན་བསྡོམས་ཨ་སྒོར་ཐེར་འབུམ་༦༠༠ ཡི་མ་འཛུགས་བྱེད་རྒྱུ་ཡིན་འདུག 

གཞུང་འབྲེལ་མིན་པའི་ཚོགས་པ་འཛམ་གླིང་གི་མི་སེར་ཞེས་པའི་ཚོགས་གཞོན་གྱིས། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་མ་འཛུགས་ལས་གཞི་དེ་ནི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་དང་མཉམ་ལས་བྱེད་པའི་བཟང་ཕྱོགས་ཀྱི་གོམས་པ་དང་པོ་ཞིག་ཡིན་པ་དང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོ་ཚགས་ཚུད་མེད་ཚེ། རྒྱལ་སྤྱིའི་དཔལ་འབྱོར་བསྐྱར་གསོ་རྒྱུན་གནས་ཐུབ་པ་ཞིག་ཡོང་ཐབས་མེད་སྐོར་བརྗོད་འདུག 

རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལ་ལས་གཞིར་དོགས་པ་དང་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་འདུག་ཀྱང་། ད་ལྟའི་ཆར་རྒྱལ་ཁབ་༡༠༠ ལས་མང་བས་ལས་གཞི་དེར་གྲོས་མཐུན་བཞག་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།