སྡེ་སྲིད་ཅིག་དགོས་ངེས་རེད།

ཆེད་བརྗོད།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འཕོ་འགྱུར་བཏང་བ་དང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་ནོར་ཝེ་རླུང་འཕྲིན་ཁང་དུ་འོས་བསྡུ་ཆེན་མོའི་ཉིན་གཉིས་ཀྱི་སྔོན་འགྲེལ་བརྗོད་གནང་བབས་ལ་བརྟེན་ནས། སྤྱི་འཐུས་ཚོགས་གཙོ་རྩ་དགོངས་ཞུས་པ་དང་། སྤྱི་འཐུས་གཞན་ཞིག་ཀྱང་རྩ་དགོངས་ཞུས། ཁྲིམས་ཞིབ་པ་ཟུར་པ་དང་། བཀའ་བློན་ཟུར་པ། གཞུང་ཞབས་ཟུར་པ། བཙོན་པ་ཟུར་པ་སོགས་ཟུར་པའི་མིང་ཁུར་ནས་ཡི་གེ་མང་པོ་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་བཀྲམ་ནས་གླེང་ཕྱོགས་བཟོ་བཞིན་པ་དང་། མི་མང་དཀྱུས་མ་མང་པོ་ཞིག་ཀྱང་དེའི་རྗེས་སུ་འབྲངས་ནས་ཤོག་ཁག་རང་བཞིན་གྱིས་འཐེན་འཁྱེར་སྣ་ཚོགས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་བཞིན་འདུག དོན་དངོས་སུ་གནད་དོན་འདི་ནི་བཅའ་ཁྲིམས་ཀྱི་ཚིག་དོན་གོ་བ་ལེན་སྟངས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། དེ་ཡང་འགྲེལ་བཤད་རྒྱག་སྟངས་དགོས་མཁོ་དང་དམིགས་ཡུལ་མི་འདྲ་བའི་ཐོག་ནས་སྔ་ཕྱི་འདྲ་མིན་སྣ་ཚོགས་ཡོང་གི་ཡོད་པའང་མངོན་གསལ་དུ་གྱུར་འདུག

དོན་དངོས་སུ་ལོ་སྔོན་མའི་ཕྱི་ཟླ་༩ པའི་ནང་འཚོག་འཆར་གྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕར་འགྱངས་བྱས་པ་ལ་བརྟེན་ནས་བྱུང་ཡོད་ཅིང་། དེའི་དམིགས་ཡུལ་དང་དགོས་པ་རྒྱུ་མཚན་བཅས་ཏོག་དབྱིབས་རིམས་ནད་ཀྱི་དངོས་བྱུང་དཀའ་ངལ་ལས་བརྒལ་བའི་དོགས་པ་རྣམ་རྟོག་མང་པོ་ཞིག་ཁྲིམས་ཞིབ་པ་རྣམ་པས་དབུས། མཐོ་རིམ་སྤྱི་ཚོགས་ནང་བྱུང་ཡོད་ཚུལ་འདུག་ལ། དེ་ལ་བརྟེན་ནས་ད་ལྟའི་དཀའ་ངལ་འདི་དག་འཕྲད་པའི་རྐྱེན་རྩ་གཙོ་བོར་གྱུར་ཡོད་འདུག། དོན་དངོས་སུ་འཆར་ཅན་གྱི་གྲོས་ཚོགས་བསྡུ་སྐོང་བྱེད་སྟངས་བཅའ་ཁྲིམས་དོན་ཚན་༤༠ པ་དང་། ཚོགས་འདུའི་གྲུབ་ཆ་མ་ལོངས་པའི་སྐབས་སུ་ཉིན་བདུན་ལྷག་ཕར་འགྱངས་བྱེད་དགོས་བྱུང་ན། ཚོགས་གཙོ་སྦྲེལ་པོས་ཐག་གཅོད་གནང་ཕྱོགས་བཅའ་ཁྲིམས་དོན་ཚན་༤༩ པའི་ནང་གསེས་༢ པ་བཅས། དོན་ཚན་འདི་གཉིས་ཀའི་ནང་སྔོན་མ་༧གོང་ས་མཆོག་རྒྱལ་ཁབ་ཀྱི་དབུ་ཁྲིད་ཡིན་པའི་ཆ་ནས་ཆོག་མཆན་ཞུ་དགོས་པའི་ཆ་རྐྱེན་ཞིག་ཡོད་ནའང་། ད་ལྟའི་ཆར་དོན་ཚན་དེ་གཉིས་ཀའི་ནང་ནས་ཕྱིར་འཐེན་བྱས་ཟིན་པ་རེད།

གྲོས་ཚོགས་ནས་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་གཏོང་བའི་ཆ་རྐྱེན་བཅའ་ཁྲིམས་དོན་ཚན་༦༣ པའི་ནང་གསེས་༤ པ་དང་། དེ་དང་འབྲེལ་བ་ཡོད་པ་བཅའ་ཁྲིམས་དོན་ཚན་༥༤ པ་གྲོས་བསྡུར་བཀག་སྡོམ་བཅས་དོན་ཚན་འདི་གཉིས་ཀྱང་། སྔོན་མ་༧གོང་ས་མཆོག་རྒྱལ་ཁབ་ཀྱི་དབུ་ཁྲིད་ཡིན་པའི་ཆ་ནས་ཆོག་མཆན་ཞུ་དགོས་པ་དང་། སྙན་སེང་ཞུ་དགོས་པའི་ཆ་རྐྱེན་ཡོད་པ་དེ་ཡང་༢༠༡༡ ལོར་བཅའ་ཁྲིམས་བསྐྱར་བཅོས་ཐེངས་༢༥ པའི་སྐབས་ཕྱིར་བསྡུ་བྱས་ཟིན་པས། གོང་གསལ་ཚོགས་འདུ་བསྡུ་བསྐོང་དང་ཕར་འགྱངས། དེ་བཞིན་ཁྲིམས་ཞིབ་པ་འཕོ་འགྱུར་དང་འབྲེལ་བའི་སྐོར་གང་ཡིན་ཡང་དཀའ་ངལ་འདིའི་ཐོག་ནས་འཕྲད་ཡོད། སྔོན་མ་བཅའ་ཁྲིམས་དོན་ཚན་༦༧ པ་ཁྲིམས་ཞིབ་པ་གསུམ་སྤྱི་མོས་ཀྱི་ཐོག་ནས་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། སྒྲིག་གཞི་བཟོ་འགོད་ལ་༧གོང་ས་མཆོག་གིས་བཀའ་འཁྲོལ་གཏན་འབེབས་གནང་རྗེས་གཞི་ནས་ལག་བསྟར་བྱེད་དགོས་ཀྱང་། ༢༠༡༡ ལོར་ཁྲིམས་ཞིབ་པ་གསུམ་གྱིས་ཐག་གཅོད་གང་གནང་བ་དེ་ལག་བསྟར་བྱེད་ཆོག་པ་ཞིག་ཏུ་བསྒྱུར་བ་རེད།

དེ་ལ་བརྟེན་ནས་ཕྱི་ལོ་༢༠༡༩ ཟླ་༡༠ ཚེས་༡༤ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁ་མཆུ་ཨང་༢༠ པའི་ཐག་གཅོད་བཅད་ཁྲ་བཏང་བའི་ཉིན་མོ་དེ་རང་ལ། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་༦༩ པར་ནང་གསེས་ཏ་པ། ཁྲིམས་ཀྱི་ངོས་བཞེས་ཟེར་བ་ཞིག་གསར་དུ་བཅུག་པ་དེ་ཡང་། དོན་དངོས་སུ་ཁ་མཆུ་དེ་དང་རྗེས་འབྲེལ་གྱི་གནད་དོན་མང་པོ་ཞིག་ལྷགས་སྲིད་པ་དང་། ཁ་མཆུ་གཏུགས་པ་སོགས་རྒྱུན་རིང་གི་བྱ་ཐབས་དེ་དག་མི་དགོས་པར་ཐད་ཀར་གདོང་ལེན་བྱེད་བདེ་བའི་ཆེད་དུ་གྲ་སྒྲིག་གནང་བ་ཞིག་མིན་ནམ་བསམ་པའི་དོགས་པ་ཞིག་ཀྱང་རང་བཞིན་གྱིས་ཡོད་པ་ཞིག་རེད། གང་ལྟར་རྒྱུ་མཚན་གཏན་ནས་བཤད་ཡུལ་མེད་པར་བཀའ་གནམ་ལྕགས་རལ་གྲི་ལྟ་བུ་གནམ་གཡུགས་བྱེད་ཆོག་པ་ཞིག་བཟོས་པ་དེར། བསམ་ཚུལ་དང་རྩོད་རྙོག་མང་པོ་ཞིག་ཡོད་ནའང་། དོན་དངོས་སུ་འདི་ཡང་ཁྲིམས་ཞིབ་པ་རྣམ་པས་བཟོ་འགོད་གྲུབ་རྗེས་ཆོག་མཆན་བཀའ་འཁྲོལ་གནང་མཁན་གཞན་ཞིག་སྔོན་མ་ནས་ཡོད་ན། འདི་ལྟ་བུའི་དཀའ་རྙོག་མང་པོ་ཞིག་ཡོང་དགོས་དོན་མེད།

མདོར་ན་༢༠༡༡ བཅའ་ཁྲིམས་བསྐྱར་བཅོས་ཐེངས་༢༥ པའི་སྐབས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་གི་ལས་དོན་བྱེད་སྐབས་བཀའ་བློན་ཁྲི་པས་དམ་བཅའ་ཕུལ་ཟིན་མེད་ནའང་། གང་ཟག་སུ་སླེབས་ཡོད་མེད་གཏན་ཁེལ་བྱུང་ཟིན་པས། བསྐྱར་བཅོས་ཟིན་བྲིས་དང་། གྲོས་ཚོགས་ནང་བགྲོ་གླེང་སོགས་ཀྱི་སྐབས་སུ་གང་ཟག་ལ་དམིགས་པའི་རྣམ་འགྱུར་ཤུགས་ཆེན་པོ་བྱུང་ཡོད། སྐབས་དེར་བཀའ་བློན་ཁྲི་པ་དང་། དེང་དུས་སྲིད་སྐྱོང་དེ་སྒྲིག་འཛུགས་ཀྱི་འགན་འཛིན་ཡིན་ཞེས་འཁོད་པ་ཙམ་ལས། དོན་གྱིས་སྐུ་དབང་འཕར་མ་ཞིག་མེད་པ་མ་ཟད། ཁྲིམས་སྒྲིག་བསྐྱར་བཅོས་སོགས་ལ་མཚན་རྟགས་འགོད་རྒྱུར་ཡང་གྲོས་ཚོགས་ནང་རྩོད་གླེང་མང་པོ་བྱུང་ཡོད། བཅའ་ཁྲིམས་ཀྱི་དཀའ་ངལ་འཕྲད་པ་ད་ལྟའི་སྐབས་ལྟ་བུར་ཡང་བཀའ་རྩ་ཁྱབ་བསྒྲགས་གནང་ལམ་ཞིག་ཡོད་ན་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་ཀྱང་། བཅའ་ཁྲིམས་ནང་གི་ཆ་རྐྱེན་དེ་ཡང་ཕྱིར་བསྡུ་བྱས་ཟིན་པ་རེད། གང་ལྟར་མ་འོངས་པར་མང་གཙོའི་ཀ་བ་གསུམ་གྱི་གོང་དུ་སྡེ་སྲིད་ལྟ་བུའི་མི་སྣ་ཞིག་མེད་ན་རྩོད་རྙོག་འདི་ལྟ་བུ་མུ་མཐུད་ཡོང་ངེས་རེད།