སྤེན་ཚེས་དབང་ཆ་བེད་སྤྱོད་ཀྱིས་༧རྒྱལ་བའི་གོ་སྟོན་ཕྲན་ལ་དགྲ་ཤ་ལེན་པའི་ལག་ཆ་བྱས་པ་དང་དེའི་རྒྱབ་ལྗོངས་མདོ་ཙམ་བཤད་པ།

 — ཨ་ནུ་ཐང་བསོད་ནམས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས། ༢༠༢༥།༡༠།༩

གསལ་བཤད་དང་པོ།

གུས་པས་དེ་སྔོན་༢༠༡༤ ལོའི་ཟླ་༡༠ ཚེས་༥ ཉིན་ཁ་བརྡ་དྲ་རྒྱའི་ནང་དུ་བྲིས་པའི་རྩོམ་ཡིག་<<ཧོང་གོང་གི་མང་གཙོ་དང་ཁྲོས་ཁྲོས། ཏཱ་ལའི་བླ་མ་བཅས་ཀྱི་མཛའ་འབྲེལ>>གྱི་རྩོམ་ཡིག་གི་ནང་དོན་ནི། “རྒྱ་ནག་ནི་ཚོང་འབྲེལ་གྱི་ཐབས་ཇུས་ལ་མཁས་ཤིང་། ཏཱ་ལའི་བླ་མ་ནི་སྦྱིན་བདག་བསྒྲུབ་པའི་རིག་པ་ལ་མཁས་པས། ཚོང་འབྲེལ་དང་སྦྱིན་བདག་འཚོལ་བསྒྲུབ་ཀྱི་རིག་པ་གཉིས་འགྲན་རྩོད་བྱེད་སྐབས་“ཞེས་པའི་ནང་དོན་ནི། སྤེན་ཚེའི་བདེ་སྲུང་གིས་གོ་བ་ལེན་བླངས་པ་ལྟར་སྐུ་མདུན་ནི་སྒོར་མོ་ལ་དགའ་མཁན་ཞིག་རེད་ལབ་པའི་དོན་གཏན་ནས་མ་ཡིན་པར།  དེའི་དོན་ནི་རྒྱ་ནག་ནི་ཚོང་འབྲེལ་གྱི་ཆབ་སྲིད་ཀྱི་གཡོ་སྒྱུ་ལ་མཁས་ཤིང་། ཟེར་བ་དང་། ༧གོང་ས་མཆོག་ནི་མི་དང་མིའི་བར་ལ་འབྲེལ་བ་བཙུགས་ནས་བདེན་པའི་རྒྱབ་སྐྱོར་འཚོལ་རྒྱུ་ལ་མཁས་དབང་ཞིག་རེད་ཟེར་བའི་དོན་ལ་བྲིས་ཡོད། རྒྱུ་མཚན་ནི། དུས་རབས་༢༡ འདིར་གཡོ་སྒྱུ་ཅན་གྱི་ཚོང་གི་དུས་རབས་ཤིག་ཡིན་པས། ཡང་དག་པའི་ཆོས་ལུགས་ཀྱི་སྲོལ་རྒྱུན་སློབ་གསོ་འགྲོ་ས་མེད་པ་ལ་གོ་དགོས།

ཕྲན་གྱིས་རྩོམ་ཡིག་ནང་ཞེ་ས་མང་པོ་མ་སྦྱར་བའི་རྒྱུ་མཚན་ནི། དུང་དཀར་རིན་པོ་ཆེས་རྩོམ་པ་པོ་ཚད་ལྡན་ཞིག་ཡིན་ན། རྩོམ་ཡིག་ཀློག་སྐབས་རྩོམ་པ་པོ་དེ་ཕྱོགས་ཁག་གང་ཡིན་མི་ཤེས་པ་ཞིག་དགོས་གསུངས་པ་བཞིན། ལྟ་གྲུབ་དེ་ལག་ལེན་དུ་བསྟར་བ་ཡིན། འོན་ཀྱང་། རྗེས་སུ་མི་མང་པོས་སྐུ་མདུན་ལ་ཞེ་ས་སྦྱར་གྱི་མི་འདུག་ཅེས་སྐྱོན་བརྗོད་བྱས་པས། ཕྲན་གྱིས་གང་ཐུབ་ཞེ་ས་སྦྱར་ནས་འབྲི་བཞིན་ཡོད།

གསལ་བཤད་གཉིས་པ།

གུས་པས་༢༠༡༦ ཟླ་༩ ཚེས་༢༦ ཉིན་སྤེལ་བའི་རྩོམ་ཡིག་<<རྒྱ་ནག་ལ་རེ་བ་བྱེད་པའི་ཨོ་བྷ་མ་དང་སྐུ་མདུན་གཉིས།>>སྐབས་དེར་བཙན་བྱོལ་ནང་དུ་རང་བཙན་དང་དབུ་མ་གཉིས་ཀྱི་རྩོད་གླེང་འགྲོ་བཞིན་པ་དང་། རྒྱ་ནག་མང་གཙོ་དོན་གཉེེར་བ་དང་། ནང་པའི་རྗེས་འཇུག་པ་ཡིན་ཟེར་མཁན་ཁག་ཅིག་གིས་བྱ་སྤྱོད་ལ་བརྟེན་ནས། བསམ་ཚུལ་བྲིས་པ་ཙམ་ལས། དོན་ལ་དངོས་ཤུགས་བརྒྱུད་གསུམ་ནས་སྐུ་མདུན་ལ་ཟུར་ཟ་བྱེད་དགོས་བསམ་པ་རྨི་ལམ་དུ་ཡང་འཁོར་མྱོང་མེད། གཞན་ཡང་རྩོམ་ཡིག་གི་ནང་དུ་“རྒྱ་ནག་གི་སྐུ་ཚབ་ལྟ་བུ་བཀའ་མོལ་གནང་བས་ཡིན་ཟེར་བ་ནི།” སྤེན་ཚེའི་བདེ་སྲུང་གིས་གོ་བ་བླངས་པ་ལྟར་༧གོང་ས་མཆོག་རྒྱ་ནག་གི་སྐུ་ཚབ་ལྟ་བུ་རེད་ཅེས་བརྗོད་པ་ཞིག་གཏན་ནས་མིན་ཞིང།  དེའི་དོན་ནི་རྒྱ་ནག་གི་མང་གཙོ་དོན་གཉེར་བ་ཁག་ཅིག་དང་། ནང་པའི་རྗེས་འཇུག་ཡིན་ཟེར་མཁན་ཁག་ཅིག་གིས་བརྗོད་པ་ལྟར། བོད་ཀྱི་ལོ་རྒྱུས་ནག་བསུབ་གཏང་ནས་བོད་རང་བཙན་ནི་སྟོང་བསམ་ཞིག་ཡིན་པས། ལག་ལེན་དུ་འགྲུབ་ཐབས་མེད་ཚུལ་བརྗོད་མཁན་རང་གཞན་སུ་ཡིན་ཡང་།  རྒྱ་ནག་གི་ཤུགས་རྐྱེན་ཐེབས་པའི་མགྲིན་ཚབ་ལྟ་བུ་ཆགས་ཀྱི་འདུག་ཅེས་བརྗོད་པ་ཙམ་ལས། རྒྱ་ནག་གི་མགྲིན་ཚབ་པ་རེད་ཅེས་དུས་ནམ་ཡང་ནམ་ཡང་བརྗོད་མེད། རྒྱུ་མཚན་ནི། རེད་དང་ལྟ་བུ་ཆགས་པ་གཉིས་རྦད་དེ་ཐ་དད་ཡིན་ལ། ལྷག་པར་དུ་སྐུ་མདུན་ནི་རྒྱ་ནག་གི་སྐུ་ཚབ་རེད་ཅེས་ནམ་ཡང་བརྗོད་མྱོང་མེེད།

མཐའ་དོན་གུས་པས་རྩོམ་ཡིག་འདི་དག་འབྲི་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༡༢ པར་སྤྲད་པའི་རྩོམ་འབྲིའི་རང་དབང་ལོངས་སུ་སྤྱད་ནས་བྲིས་པ་ཞིག་ཡིན་ཁར།  རྒྱལ་ཞེན་དང་། འཐབ་རྩོད་ཀྱིས་དམིགས་ཡུལ་གཙོར་བཟུང་གིས་བྲིས་པ་ལས། གཞན་སུ་ལ་ཡང་། ཟུར་ཟ་དང་དམའ་འབེབས་བྱེད་པའི་ཀུན་སློང་ཟུར་ཙམ་ཡང་འཁོར་མྱོང་མེད། ལྷག་པར་དུ་༧གོང་ས་མཆོག་ལ་གོང་བཀོད་ལྟར་རྨི་ལམ་དུ་ཡང་ཟུར་ཟ་དང་དམའ་འབེབས་བྱེད་པའི་ཀུན་སློང་སྐྱེས་མྱོང་མེེད་ཅེས་བདེ་སྲུང་ལ་ཡང་གསལ་བཤད་ཀྱི་ཡི་གེ་ཞིག་ཕུལ་ཡོད་ལ། བདེ་སྲུང་བཀའ་བློན་དང་དྲུང་ཆེ་ཡིན་ཡང་། ཕྲན་གྱིས་སྐུ་མདུན་ལ་མཚན་སྨད་མ་ཞུས་པའི་གསལ་བཤད་ཀྱི་སྙན་ཞུ་ཕུལ་ན། གནད་དོན་འདི་གཙང་མ་བཟོ་འདོད་ཡོད་ཅེས་གསུངས་པས། ཕྲན་གྱིས་༢༠༢༥ ཟླ་༡༠ ཚེས་༨ ཉིན་བདེ་སྲུང་ལས་ཁུངས་ལ་ཁོང་ཚོའི་ཕྲན་གྱི་རྩོམ་ཡིག་གི་གོ་བ་ལེན་སྟངས་ནོར་ཡོད་པའི་སྙན་ཞུ་ཞིག་ཕུལ་ཡོད། འོན་ཀྱང་། ཁོ་ཚོས་མགྱོགས་པོར་གནད་དོན་འདི་གཙང་མ་བཟོ་བའི་ཡིད་ཆེས་ཕྲན་ལ་མེད། རྒྱུ་མཚན་ནི། འདིའི་རྒྱབ་ནས་སྤེན་ཚེས་ཕྲན་ལ་དགྲ་ཤ་ལེན་པའི་ཆབ་སྲིད་ནག་པོ་ཞིག་ཡོད་པས། གསལ་བཤད་ག་ཚོད་བྱས་ཀྱང་། སྤེན་ཚེར་དེ་གོ་བ་ལེན་ཐུབ་པའི་ཁོག་རྒྱ་མེད། དེར་བརྟེན་སྤེན་ཚེས་བདེ་སྲུང་བཀའ་བློན་དང་། དྲུང་ཆེ་གཉིས་ལ་གནད་དོན་དེ་ཐག་གཅོད་བྱེད་པའི་དབང་ཆ་སྤྲོད་མི་སྲིད་པས། བདེན་དཔང་རི་བོ་ལྟ་བུ་ཞིག་བསྟན་ཡང་། སྤེན་ཚེའི་དགྲ་ཤ་ལེན་པའི་མིག་གིས་དེ་མི་མཐོང་བ་གསལ་པོ་རེད།

གནས་ཚུལ་དེའི་བྱུང་རིམ་མདོར་བསྡུས།

ཕྲན་ཡུ་རོབ་ཀྱི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཆེ་ཁིའི་བོད་རིགས་ཚོགས་པའི་སྐུ་ཚབ་བྱས་ཏེ་སྐུ་མདུན་གྱི་གོ་སྟོན་བརྟན་བཞུགས་ལ་བཅར་ཡང་། སྟབས་མ་ལེགས་པ་ཞིག་ལ་ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༧ ཉིན་གྱི་ཆུ་ཚོད་ ༡༤:༠༠-༡༥:༠༠ བར་ལ་བདམས་ཐོན་སྤེན་ཚེ་ལ་ཐུག་འཕྲད་བྱས་པས། སྐབས་དེར་སྤེན་ཚེས་ཕྲན་གནས་དེར་སླེབས་ཡོད་པ་གཞི་ནས་ཤེས་པའམ། ཤེས་པའི་རྣམ་པ་བསྟན་ཞིང་། ཁོའི་དབང་ཆ་ལོག་སྤྱོད་བྱས་ཏེ། ཁ་གཡར་ས་ཞིག་བཙལ་ནས་ཕྲན་བརྟན་བཞུགས་དང་༧སྐུ་མདུན་གྱི་མཇལ་ཁར་བཅར་རྒྱུར་བཀག་འགོག་བྱས་སོང་། འདི་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ནག་པོ་བཟུང་སྟེ། ཕྲན་ལ་སྙིང་ནད་རྩོད་བྱེད་ཡིན་པ་གསལ་པོ་ཡིན་པ་མ་ཟད། ཐ་ན་ཕྲན་གྱི་བཟའ་ཟླས་ཀྱང་། ཕྲན་ལ་སྤེན་ཚེས་དེ་ལྟར་བྱས་པར་ངོས་འཛིན་བྱེད་ཀྱི་འདུག་ལ། མོས་དབྱིན་ཡིག་ཏུ་ Silly revenge ལབ་ཀྱི་འདུག དེ་ནི་རྩ་མ་ཚང་བའི་བྱེད་སྟངས་ཀྱིས་དགྲ་ཤ་བླངས་པ་རེད་ཟེར་བའི་དོན་རེད།

ཁོ་ཚོས་ཕྲན་ལ་སྙིང་ནད་རྩོད་དགོས་དོན་ནི། ཕྲན་གྱིས་བཀའ་ཤག་སྐབས་༡༦ དང་། སྤེན་ཚེའི་ངན་གྲོགས་ཁྲིམས་ཞིབ་ཁང་གི་ཇག་དཔོན་གསུམ་གྱི་མ་འགྲིག་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ཡང་ཡང་བྱས་པ་དེས་རེད། ཟླ་༡༠ ཚེས་༧ ཉིན་ང་ཚོ་ཡུ་རོབ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། སྐུ་ཚབ་བཅས་ཕྱི་དྲིལ་ལས་ཁུངས་དང་། གྲོས་ཚོགས། བཀའ་ཤག་བཅས་ལ་ལྟ་སྐོར་དུ་ཕྱིན་ཅིང་། ཆུ་ཚོད་14:00-15:00 བར་དུ་བདམས་ཐོན་སྤེན་ཚེ་ལ་ཐུག་འཕྲད་བྱེད་པའི་སྐབས་ཡིན་པས། ང་ཚོ་དེ་ལ་ཕྱིན་ནས་སྤེན་ཚེ་ལ་ཐུག་པ་ཡིན། དེའི་རྗེས་སུ་ཆུ་ཚོད་15:00 སྟེང་སྤེན་ཚེས་སྣེ་ཁྲིད་དེ་བཀའ་ཤག་གིས་ཛ་དྲག་གི་ཚོགས་འདུ་ཞིག་འཚོགས་ནས་ང་སྐུ་མདུན་གྱི་བརྟན་བཞུགས་ལ་མི་གཏོང་རྒྱུའི་ཐག་བཅད་འདུག ཚོགས་འདུའི་དེར་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་འགྲོ་ཁོམ་མ་བྱུང་བས་ཕེབས་མེད་འདུག མཐའ་དོན་སྤེན་ཚེས་ཐག་བཅད་ནས་ཕྲན་མཇལ་ཁ་ལ་འགྲོ་རྒྱུ་བཀག་འདུག་ཀྱང་། ཕྲན་ལ་གནས་ཚུལ་དེ་དགུང་མོའི་ཆུ་ཚོད་7:00 ( 19:00) ཙམ་ལ་མ་གཏོགས་སུད་སིའི་སྐུ་ཚབ་དོན་གཅོད་ཀྱིས་བཤད་མ་བྱུང་། ཡིན་ཡང་མོས་ཁྱེད་རང་བཀག་དགོས་པའི་རྒྱུ་མཚན་ནི་ཤེས་མ་བྱུང་བས། ཤེས་འདོད་ཡོད་ན། བདེ་སྲུང་དྲུང་ཆེ་ལ་དྲིས་ཞེས་ལབ་བྱུང་། དེ་ནས་ཕྲན་ལ་སྤྱི་འཐུས་རྣམ་པ་གཉིས་ཀྱིས་རོགས་པ་བྱས་ཏེ་དགུང་མོ་བདེ་དྲུང་གི་སྒོ་བརྡུངས་ཀྱང་། སྒོ་ཕྱེ་མ་བྱུང་། མཐའ་མར་སྤྱི་འཐུས་གཅིག་དང་ངེད་གཉིས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མའི་ནང་ལ་ཕྱིན་པ་ཡིན། སྒོ་ཐེངས་གཉིས་ཙམ་བརྡུངས་རྗེས་སུ་མོས་སྒོ་ཕྱེ་བྱུང་། རྒྱ་རི་སྒྲོལ་མས་“ངེད་གཉིས་ལ་ཕྲན་བཀག་དགོས་དོན་ནི་སྐུ་མདུན་ལ་མཚན་སྨོད་བྱས་པའི་རྩོམ་ཡིག་བྲིས་པས་ཡིན་”ཚུལ་བརྗོད་བྱུང་། ངས་ཅུང་ཙམ་ཁོང་དགོད་དང་ལྷན་དུ་དེ་ལྟར་གཏན་ནས་བྱས་མྱོང་མེད་ཅེས་བརྗོད་མཐར། རྒྱ་རི་སྒྲོལ་མས་གནད་དོན་གསལ་བཤད་ཞུ་རུ་སང་ཉིན་ཆུ་ཚོད་14:00 སྟེང་བདེ་སྲུང་དུ་ཤོག་གསུངས་པས། དེ་ལྟར་ཚེས་༨ ཉིན་ཕྱིན་པ་ཡིན།

སྐབས་དེར་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་དང་། བདེ་སྲུང་དྲུང་ཆེ། ལས་རོགས་བཅས་མི་གསུམ་འདུག ཁོ་ཚོས་ཞི་འཇམ་དང་ཚོད་རན་པའི་རྣམ་འགྱུར་གྱི་སྒང་ནས་ཕྲན་ལ། “ཁྱེད་ཀྱིས་༡༠༡༤ ལོ་དང་༢༠༡༦ ལོའི་ནང་ལ་བྲིས་པའི་རྩོམ་ཡིག་གཉིས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཁོ་ཚོས་ཕྲན་སྐུ་མདུན་ལ་བརྟན་བཞུགས་ཕུལ་བར་མ་གཏང་བ་ཡིན་ཚུལ་དང། བརྟན་བཞུགས་ནི་དད་དམ་གཙང་མ་ཡོད་པའི་ཆོས་ཕྱོགས་ཀྱི་བྱ་བ་ཞིག་ཡིན་པས་ཡིན་ཚུལ་ལས། དེ་མིན་ཆོས་ཕྱོགས་དང་མ་འབྲེལ་ན། ཕྲན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་དང་། དབུ་ཁྲིད་སུ་ལ་ཡང་ཐུག་ན་འགྲིག་ཚུལ་དང་། འགྲིག་པའི་དཔང་རྟགས་ནི་ཁ་སང་ཁྱེད་རང་བཀའ་སྤྱི་གཉིས་ལ་ཐུག་ཀྱང་བཀག་མཁན་སུ་ཡང་མེད། འོན་ཀྱང་བརྟན་བཞུགས་ནི་དད་དམ་དང་འབྲེལ་བ་ཡོད་པའི་ཆོས་ཕྱོགས་ཡིན་པས་ཁོ་ཚོས་ཕྲན་བརྟན་བཞུགས་ལ་མ་བཏང་བ་ཡིན་ཚུལ་བརྗོད་བྱུང་ཡང་། དེ་ནི་བདེན་པ་ཆ་ཚང་བ་ཞིག་མིན་པ་རྗེས་སུ་ཕྲན་གྱིས་ཤེས་སོང།

ཕྱི་ཚེས་༩ ཉིན་གྱི་ཞོགས་པ་སྐུ་མདུན་ལ་ཡུ་རོབ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་། ཚོགས་གཞོན། སྐུ་ཚབ་བཅས་ལ་མཇལ་ཁར་བཏང་ཡོད་ཀྱང་། ཕྲན་གྱི་མིང་སུད་སིའི་དོན་གཅོད་ཀྱིས་སྐུ་སྒེར་ལ་མ་སྤྲད་པས་མཇལ་ཁར་བཏང་མ་སོང་། དོན་དངོས་མཇལ་ཁ་ནི་བདེ་སྲུང་དྲུང་ཆེ་ཡིས་བརྗོད་པ་ལྟར་ཆོས་ཕྱོགས་དང་འབྲེལ་བ་མཐའ་གཅིག་ཏུ་མེད་པས། ཆོས་དད་ཡོད་མེད་ཚང་མ་དང་། ཐ་ན་ཆོགས་ལུགས་གཞན་པ་ཡང་གཏོང་གི་ཡོད་ཀྱང་། ཁོ་ཚོས་ང་བཏང་མ་སོང་། ཁོ་ཚོས་ཁ་ནས་ཆོས་ལུགས་མཉམ་གནས་དང་ལྟ་བ་མཉམ་གནས། མི་མཐུན་པ་སྤངས་ཏེ་མཐུན་པའི་ཕྱོགས་སུ་ལག་པ་སྦྲེལ་ཏེ། འགྲོ་དགོས་ཚུལ་གྱི་ཁ་གཡང་དང་། ཤིས་ཚིག སྙན་ཚིག་མང་པོ་སྐྱོར་བཞིན་ཡོད་ཀྱང་། དོན་དངོས་དེ་དག་ནི་མགོ་སྐོར་གཏོང་བྱེད་ཀྱི་སྐད་ཆ་ཙམ་ལས། བདེན་པ་མིན་པ་གསལ་པོར་བསྟན་སོང་། དེ་སྟོན་མཁན་ཡང་སྤེན་ཚེ་ཡིན། སྐུ་སྒེར་མིན། སྐུ་སྒེར་གྱིས་ཁོ་ཚོ་ལ་སྤེན་ཚེའི་བདེ་སྲུང་གིས་ཡི་གེ་བཏང་བས་ཡིན་ཚུལ་སྤྱི་འཐུས་ཤིག་ལ་བརྗོད་འདུག

གནས་ཚུལ་འདི་དག་ལ་གཞིགས་ཏེ་ང་རང་གི་སེམས་སུ་གད་མོ་ཞིག་ངང་གིས་ཤོར་སོང་ཞིང་། ཤོར་དགོས་དོན་ཡང་། ངས་གསང་བ་ཞིག་རྟོགས་པས་ཡིན། གསང་བ་དེ་ག་རེ་རེད་ལབ་ན། སྤེན་ཚེ་སོགས་ཀྱིས་དགྲ་ཤ་ལེན་རྒྱུ་དང་པོར་བརྩི་བ་ལས། བོད་དོན་དང་པོར་མི་བརྩི་བ་དཔང་རྟགས་དང་བཅས་ཏེ་ཤེས་པས་ཡིན། སྤེན་ཚེ་དང་མཐུན་ན། ཡོངས་གྲགས་ཀྱིས་སྐུ་མདུན་ལ་མཚན་སྨོད་ཞུ་མཁན་ཐུབ་བསྟན་ཐོགས་མེད་ཀྱང་། སྐུ་མདུན་ལ་མཇལ་ཁར་བཏང་འདུག་ལ། སྐབས་དེར་སྤེན་ཚེས་སྐུ་སྒེར་ལ་ཡི་གེ་བཏང་ནས་བཀག་མེད་པས་ཡིན། ཕྱོགས་གཞན་ནས། བོད་པ་ཞིག་སྐུ་མདུན་ལ་མཇལ་ཁ་ཙམ་ལ་གཏོང་རྒྱུར་འདི་ལྟར་ཧ་ཅང་ཁག་པོ་བྱེད་པས་ཡིན་ལ། མཇལ་ཁ་ཞིག་འདི་འདྲ་གལ་ཆེན་དུ་བརྩིས་ཏེ། བོད་པ་ཕན་ཚུན་འབུར་འཇོམས་བྱེད་པ་ནི་ཀླ་ཀློའི་གོམས་སྲོལ་ཞིག་ཏུ་འཁུམས། དེའི་རྒྱུ་མཚན་ནི་བོད་པ་ཞིག་སྐུ་མདུན་འཇལ་བར་ས་ཐག་རིང་པོ་ཡུ་རོབ་ནས་རྡ་ས་བར་དུ་ཡོང་བ་གཅིག་པུས་མི་དེའི་ལྷག་བསམ་མཚོན་ནུས་པས་ཡིན། དེ་ལ་ཡང་ཁ་ཡ་སྤུ་ཙམ་མི་བྱེད་པ།  གོ་སྟོན་དང་བྱམས་བརྩེའི་ལོ་དང་བསྟུན་ཏེ། ཕྲན་གྱིས་བོད་པ་ཚོས་སྔར་གྱི་ནོར་འཁྲུལ་ལ་ཡོ་བསྲང་གིས་ཕན་ཚུན་ལ་བསམ་ཤེས་དང་། གོ་ཤེས། ཉན་ཤེས་བྱེད་རྒྱུའི་རེ་བ་བཅངས་ཏེ། རྡ་ས་ལ་ཡོང་བ་ཡིན་ཡང་། རྡ་སའི་རི་སྒང་དུ་སྡོད་མཁན་གྱི་སྐུ་དྲག་ཉུང་ཤས་ཤིག་དང་།  སྤེན་ཚེ་དར་ནག་གི་བྱ་སྤྱོད་ལ་འགྱུར་བ་སྤུ་ཙམ་མེད་པར། ཁོ་ཚོ་ལ་གང་ཞིག་ལག་ཆར་རག་ཀྱང། དེ་བེད་སྤྱོད་བཏང་ནས། མི་སྒེར་གྱི་སྙིང་ནད་དང་། གོ་གནས་རྩོད་པ་སོགས་གསལ་པོ་ཆགས་པས་ཡིན། ཁོ་ཚོས་རང་གི་གོ་གནས་དང་། སྒེར་གྱི་སྙིང་ནད་ཨང་དང་པོར་འཇོག་པ་ལས། མི་རིགས་ཀྱི་བདེ་སྡུག་ཨང་དང་པོར་མི་འཇོག་པ་གསལ་པོ་རེད།

ཕྲན་ནི་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཀྱི་གཙོ་བོ་ཆེ་ཁིའི་བོད་རིགས་ཚོགས་པའི་ཚོགས་གཞོན་ཡིན་པ་མ་ཟད། དེའི་སྐུ་ཚབ་བྱས་ཏེ་ཡོང་བ་དང་། འདས་པའི་ལོ་ ༢༠ ཙམ་ལ་གནས་དེར་བོད་དོན་ལ་གང་ཐུབ་ཀྱིས་འབད་བརྩོན་བྱས་པ་མི་ཚོས་མཐོང་མུས་ཡིན་པ་དང་དེའི་བདེན་དཔང་ཡང་ཡོད་ཀྱང་། རྡ་སའི་སྤེན་ཚེ་སྐུ་དྲག་ཁོ་ཚོ་དང་འདོད་ཚུལ་མ་མཐུན་ན་བདེན་དཔང་རི་ལས་མཐོ་བ་ཡོད་ཀྱང་། སྣང་མེད་དུ་གཏོང་རྐྱང་ཡིན་པས་ཡིན། དེ་དག་ཁོ་ཚོ་ལ་མཚོན་ན་གལ་ཆེན་མ་རེད། ཁོ་ཚོ་ལ་མཚོན་ན་གལ་ཆེན་ནི་རང་གི་གོ་གནས་དང་ཆབ་སྲིད་ཀྱི་དགྲ་ཤ་ལེན་རྒྱུ་ཡིན་པ་མ་ཟད། དེ་ཨང་དང་པོར་འཇོག་པས་ཡིན།  བོད་དོན་ནི་ཁོ་ཚོ་ལ་མཚོན་ན་ཨང་གཉིས་པ་རེད། སྤེན་ཚེས་ད་ཐེངས་སླར་ཡང་གནས་ཚུལ་འདི་ཕྲན་ལ་ར་སྤྲོད་གནང་བས་དགའ་བོ་བྱུང་། རྒྱུ་མཚན་ནི་གནས་ཆུལ་འདི་གསལ་པོ་ཤེས་ན། དེ་ལ་བཅོས་བསྒྱུར་གཏོང་དགོས་པ་བོད་པ་ཚོས་རིམ་བཞིན་རྟོགས་པས་ཡིན། གལ་སྲིད་མ་རྟོགས་ཚེ་སྤེན་ཚེ་ལྟ་བུ་ཇག་དཔོན་ཚོའི་ལག་ཏུ་དབང་ཆ་མུ་མཐུད་དུ་ཤོར་ནས་བོད་ལ་རེ་བ་མེད་པར་གྱུར་པ་གསལ་པོ་ཡིན། དྲང་མོ་ཞུས་ན། བླ་མའི་གསུངས་བརྩི་རྒྱུ་དང་། བླ་མའི་རིན་ཐང་སྲུང་རྒྱུ་དེ་གལ་ཆེན་ཡིན་པ་ལས། མཇལ་ཁ་དེ་ཙམ་གལ་ཆེན་མ་རེད། མཇལ་ཁ་ཕྲན་ལ་ཐེངས་མང་ཐོབ་ཟིན་ཡང་། གོ་སྟོན་ལ་ཡོང་རྒྱུའི་གོ་སྐབས་འདི་ཡུ་རོབ་ཀྱི་བོད་རིགས་ཚོགས་པ་དང་ལྷན་དུ་ཐོབ་པས། ཕྲན་མ་འོངས་པར་འགྱོད་པ་མི་སྐྱེ་བའི་ཆེད་དུ་གོ་སྟོན་ལ་ཡོང་བ་ཡིན། ཡིན་ཡང་སྤེན་ཚེས་དེ་ལ་བར་ཆད་བཏང་ནས་ང་ལ་བཀག་འགོག་བྱས་པས། ང་ལ་འགྱོད་པ་མེད་པར་བཟོས་སོང་། རྒྱུ་མཚན་ནི། ངའི་ངོས་ནས་བྱེད་དགོས་པ་ཚང་མ་བྱས་ཟིན་པས་ཡིན། ད་ནི་དབང་ཆ་ཡོད་མཁན་གྱི་སྤེན་ཚེས་དབང་ཆ་བེད་སྤྱོད་བཏང་ནས། ང་མཇལ་ཁ་རུ་བཀག་ན། ང་ལ་ཐབས་ཤེས་གཞན་ཅི་ཡང་མེད། རྒྱུ་མཚན་ནི། དེ་ནི་སྤེན་ཚེ་དང་ངེད་གཉིས་དབང་ཆ་ཡོད་མེད་ཀྱི་ཁྱད་པར་ཡིན་པས། དོན་དངོས་དེར་ངས་ཁས་ལེན་མི་བྱེད་རང་བྱེད་རེད། དབང་ཆ་ཡོད་མཁན་གྱིས་བཀག་ན། ཐབས་ཤེས་མེད་ཅིང་། དབང་ཆ་ཡོད་མཁན་གྱི་རྒྱ་གཞུང་གིས་ང་ཚོར་བཀག་ནས་ཕ་མ་དང་གཉེན་ཉེ་ལ་ཐུག་འཇུག་གི་མེད། ཡིན་ཡང་། དེ་ནི་བུ་ཕྲུག་གི་ནོར་འཁྲུལ་མིན་པ་འགོག་མཁན་གྱི་ནོར་འཁྲུལ་ཡིན་པས། མཇལ་ཁར་མ་གཏང་བར་ཕྲན་ལ་འགྱོད་པ་མེད།

ཕྲན་གྱིས་བདེ་སྲུང་བཀའ་བློན་དང་སུད་སིའི་དོན་གཅོད། བདེ་སྲུང་དྲུང་ཆེ་བཅས་ལ་སྐྱོན་བརྗོད་མེད་ལ། ཁོ་ཚོ་ལ་དབང་ཆ་མེད་པས། རྩོད་པ་བྱས་ཀྱང་། དུས་ཚོད་འཕྲོ་བརླགས་དང་། ཕན་ཚུན་གྱི་སེམས་ལ་རྨ་ཁ་བཟོ་བྱེད་ཙམ་ལས་ཕན་ཐོགས་མེད་པས། སྐྱོན་བརྗོད་མེད། དེར་བརྟེན། ཁོ་ཚོ་ལ་རྩོད་པ་དེ་ཙམ་བྱས་མེད། གཅིག་བྱས་པ་ནི། བདེ་སྲུང་ལ་ཕྲན་བཀག་དགོས་པའི་རྒྱུ་མཚན་གསུངས་ཞེས་ལབ་པ་དེ་ཡིན་ལ། བདེ་སྲུང་གིས་ཕྲན་གྱི་རྩོམ་ལ་གོ་བ་ལོག་པ་བླངས་པ་རེད་ཅེས་ལབ་པ་དེ་གཉིས་ཡིན། དེ་ནི་ངེས་པར་དུ་ལབ་དགོས་པའི་བདེན་པའི་གནད་དོན་གཉིས་ཡིན་པས་ཡིན། སུད་སིའི་དོན་གཅོད་ལ་ཕྲན་གྱིས་ང་སྐུ་མདུན་གྱི་བརྟན་བཞུགས་ལ་མི་གཏོང་ན། “དང་པོ་ནས་ལབ་དགོས་རེད། ལབ་ན། ང་རྡ་ས་ལ་ཡོང་གི་མ་རེད་ཅེས་ལབ་པ་ཡིན།” མོས་ང་ལ་“ང་བཀག་མཁན་ནི་བདེ་སྲུང་ཡིན་པ་ལས་མོ་མིན་ལབ་ཀྱི་འདུག”དེ་ནས་མོ་ལ་རྩོད་པ་བྱས་མེད། བྱས་ཀྱང་ཕན་ཐོགས་མེད་པས་ཡིན། མོས་ཕྲན་གྱིས་བརྟན་བཞུགས་ལ་ཕུལ་བའི་ཡུ་སྒོར་༤༠༠ དེ་ཡང་ཕྱིར་སློག་བྱས་སོང་། ངས་དེ་ཕྱིར་བླངས་པ་ཡིན།

ཕྲན་གྱིས་བདེ་སྲུང་གི་བཀའ་བློན་དང། བདེ་སྲུང་དྲུང་ཆེ། ལས་རོགས་བཅས་ཀྱི་མདུན་དུ། ཕྲན་སྐུ་མདུན་ལ་དད་གུས་ཡོད་པའི་དཔང་རྟགས་ཀྱི་ཡིག་ཆ་ཁ་ཤས་ཁོ་ཚོ་ཕུལ་བ་ཡིན། བདེ་དྲུང་གིས་གང་མཚམས་ཡག་པོ་གཟིགས་སོང་། ཁོ་ཚོས་ང་ལ་ཁྱེད་ཀྱིས་ཕྱི་ལོ་༡༠༡༤ དང་༢༠༡༦ ལོའི་རྩོམ་ཡིག་གི་ནང་དུ། “སྐུ་མདུན་ལ་རྒྱ་ནག་གི་སྐུ་ཚབ་ལྟ་བུ་རེད།” ཅེས་བྲིས་འདུག་ཚུལ་དང་། “སྐུ་མདུན་ནི་སྒོར་མོ་ལ་དགའ་མཁན་རེད།”ཅེས་བྲིས་འདུག་ཅེས་ཁོ་བོའི་རྩོམ་ལ་གོ་བ་ལོག་པ་བླངས་ཏེ་གསུངས་ཀྱི་འདུག་ཁར། ཐ་ན་ཕྲན་གྱིས་རྩོམ་ཡིག་འབྲི་སྐབས་སུ་སེམས་ཀྱི་ཡུལ་ལ་མེད་པ་ལའང་། འགྲེལ་ནས་ཡོང་གི་འདུག་པས། དེ་ནི་ཆེད་མངགས་ཀྱིས་ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་སྟེ། ཧ་ཅང་གི་ངན་ཕྱོགས་ནས་ངའི་རྩོམ་ཡིག་ལ་འགྲེལ་བཞིན་ཡོད་པ་གསལ་པོ་ཡིན་ཁར། རྩོམ་ཡིག་གི་ཚིག་དོན་ལས་བསྟན་མེད་པ་ཡང་། ལོག་འགྲེལ་བྱེད་ཀྱི་འདུག་པས། ཕྲན་གྱིས་དེ་ལྟར་མ་རེད་ལབ་ཅིང་། ངའི་བསམ་བློའི་ནང་དུ་ཡང་སྐུ་མདུན་རྒྱ་ནག་གི་སྐུ་ཚབ་ལྟ་བུ་ཡིན་པ་དང་།  སྒོར་མོ་ལ་དགའ་མཁན་ཡིན་པའི་རྩོམ་ཡིག་འབྲི་བ་ལྟ་ཅི། ཐ་ན་བསམ་བློའི་ནང་དུ་ཡང་འཁོར་མྱོང་མེད་ལབ་ནས་ཞུས་པ་ཡིན། འོན་ཀྱང་། ཁོ་ཚོས་དེ་ནི་ཁོ་ཚོས་རྩོམ་ཡིག་ལ་གོ་བ་ལེན་སྟངས་ཡིན་པས། རྩོད་པ་བྱེད་ཀྱི་མིན། ཁོ་ཚོའི་གོ་བ་ལེན་སྟངས་ལ་ངས་འདོད་པ་མེད་ན། ངས་ངའི་རྩོམ་ཡིག་ལ་རང་འགྲེལ་གྱི་སྙན་ཞུ་ཞིག་བདེ་སྲུང་ལ་ཕུལ་ན། ཁོ་ཚོས་རིམ་བཞིན་ཚོགས་འདུ་འཚོགས་ནས་གནད་དོན་ཚང་མ་གཙང་མ་བཟོ་རྒྱུ་ཡིན་ཟེར། ངས་ཕྲན་གྱི་གནམ་གྲུ་སང་ཉིན་ཡིན་པས། མགྱོགས་པོར་བཟོས་ན་ཡག་ཚུལ་གྱི་བརྡ་བསྟན་ཡང་། ཁོ་ཚོས་དེ་ལམ་སང་གསལ་བོར་བཟོ་རྒྱུ་མིན་པ་ཁ་གསལ་རེད། ཕྱོགས་གཞན་ཞིག་ནས། གོང་དུ་བརྗོད་པ་ལྟར། ཁོ་ཚོ་ལ་དེ་མགྱོགས་པོར་གསལ་པོ་བཟོ་བའི་ནུས་པ་མེད་ཅིང་། བདམས་ཐོན་སྤེན་ཚེས་གང་བཤད་ཡིན་པས། ཕྲན་གྱིས་ཀྱང་། ཁོ་ཚོ་ལ་རྩོད་པ་བྱེད་འདོད་མ་མཆིས། བྱས་ཀྱང་། ཕན་ཐོགས་མེད་པས་ཡིན། དེར་བརྟེན། ཕྲན་གྱིས་“ང་ལ་གནད་དོན་འདི་གཙང་མར་བཟོ་བའི་གོ་སྐབས་ཡོད་དམ་”ཞེས་དྲིས་པར། ཁོང་གསུམ་གྱིས་“ང་ཚོས་བོད་མི་གཅིག་ཡིན་ཡང་། མཉམ་རུབ་བྱེད་དགོས་པ་མ་ཟད། ཁྱེད་རང་ཡང་བོད་རིགས་ཚོགས་པ་ཞིག་གི་ཚོགས་གཞོན་ཡིན་པས། རང་ཉིད་གཙང་མ་ཡིན་པའི་གསལ་བཤད་ཀྱི་ཡི་གེ་ཞིག་བྲིས་ནས་བདེ་སྲུང་ལ་ཕུལ་ན། ཁོ་ཚོས་རིམ་བཞིན་ཚོགས་འདུ་འཚོགས་ནས་གཙང་མ་བཟོ་འདོད་ཡོད།”ཅེས་གསུངས་སོང་། དེར་བརྟེན། ཕྲན་གྱིས་ཆུ་ཚོད་གཅིག་ཙམ་ལ་གསལ་བཤད་ཀྱི་སྙན་ཞུ་ཞིག་བྲིས་ཏེ་ཚེས་༨ ཉིན་དེ་ག་རང་ལ་ཕྲན་གྱི་རྩོམ་ཡིག་དེ་གཉིས་ཀྱི་ནང་ནས་སྐུ་མདུན་ལ་མཚན་སྨད་ཞུས་མྱོང་མེད་ཅེས་ཟེར་ནས་གསལ་བཤད་ཀྱི་སྙན་ཞུ་ཞིག་དང་། ཟུར་དུ་བདེན་དཔང་གི་ཡིག་ཆ་ཁག་ཅིག་བདེ་སྲུང་ལ་ཕུལ་ཡོད།

རྡ་ས་རུ་བོད་མིའི་གྲས་ནས་ཕྲན་ལ་ཚིག་ངན་བཤད་མཁན་ལྟ་ཅི། ཐ་ན་མིག་ལོག་ལྟ་མཁན་ཙམ་ཡང་གཅིག་ཀྱང་མ་བྱུང་བ་མ་ཟད། འཐབ་གྲོགས་གཅིག་པ་མང་པོས་སྣེ་ལེན་གཟབ་རྒྱས་ཡང་ཡང་བྱས་པ་དང་། མི་མང་པོས་རྡ་སའི་སྲང་ལམ་ནས་ཕྲན་ལ་འཚམས་འདྲི་ཞུ་བ། ཁ་ཤས་ཀྱིས་རྒྱབ་སྐྱོར་ཡོད་གསུངས་མཁན་བྱུང་ཁར། དྲང་བདེན་དང་། སྤྱི་སེམས་ཅན་གྱི་སྤྱི་འཐུས་མང་པོ་མཇལ་ཞིང་། དེ་དག་དང་ལྷན་དུ་ཚིག་ཇ་འཐུང་བ་དང་། བོད་སྤྱི་པའི་དོན་དུ་སྙིང་གཏམ་མང་པོ་གླེང་བའི་གོ་སྐབས་བྱུང་བས། སྤེན་ཚེས་དབང་ཆ་སྒེར་གཅོད་ཀྱིས་ཕྲན་ལ་དགྲ་ཤ་ལེན་པའི་དུག་རླངས་བཏོར་ཡང་། རྡ་སའི་ཞི་འཇམ་ཅན་གྱི་མི་མང་དང་། སྤྱི་སེམས་ཅན་གྱི་བོད་པའི་གཞོན་སྐྱེས་ཚོའི་བསིལ་རླུང་གིས་སྤེན་ཚེའི་དུག་རླངས་དེ་དག་མེད་པར་བཏང་བས། དེ་ལྟར་གནང་མཁན་གྱི་བོད་མི་སྤྱི་སེམས་ཅན་ཚང་མ་ལ་ཐུགས་རྗེ་ཆེ། ཁྱེད་ཚོ་དང་མཇལ་བས་ཕྲན་རྡ་སར་སླེབས་པའི་དོན་གོ་འགྲུབ་སོང་། སེམས་པ་དགའ་ནས་མིག་ཆུ་ཡང་ཤོར་དགོས་བྱུང་ལ། སེམས་འགུལ་ཐེབས་ནས་ང་ཚོའི་མི་རིགས་ལ་སྤོབས་པ་ཡང་སྐྱེས་དགོས་བྱུང་། མ་ཟད་ཕྲན་དང་ལྷན་དུ་ཡོང་མཁན་གྱི་ཡུ་རོབ་ཀྱི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། སྐུ་ཚབ་ཚོས་ཕྲན་ལ་གང་ཐུབ་ཀྱིས་འཆམ་པོ་བྱས་མ་ཟད། དེ་དག་གིས་ཕྲན་ལ་ག་དུས་ཡིན་ཡང་དགའ་འཛུམ་སྟོན་པར་ཐུགས་རྗེ་ཆེ། དེ་བཞིན་ཡུ་རོབ་ཀྱི་དོན་གཅོད་རྣམ་པ་དང་། སྤྱི་འཐུས་གཉིས་ཀྱང་དེ་ལྟར་ཡིན། ཚང་མས་ཡག་པོ་གནང་བར་ཐུགས་རྗེ་ཆེ། ཡིན་ཡང་། ཇག་པ་སྤེན་ཚེ་མགོ་ལ་བཞག་ན་བྱེད་སྟངས་དེ་ལྟར་ཡིན་པས། ད་ཐེངས་འོས་བསྡུའི་སྐབས་སུ་ཁོ་གནས་དབྱུང་དུ་གཏང་རྒྱུའི་རེ་བ་ཡོད། ཁོ་གནས་དབྱུང་དུ་གཏང་ན། བོད་པ་ཚོ་སྐུ་མདུན་གྱི་དགོངས་པ་ལྟར་འཆམ་པོ་ཆགས་པས་ཡིན།།

རྩོམ་སྒྲིག་ཁང་གིས་ཡིག་ནོར་ཁག་ཅིག་ལ་བཅོས་ཡོད་པ་ལས་གཞན་སོར་འཇོག་བྱས་ཡོད། རྩོམ་ཡིག་གི་ནང་དོན་རྩོམ་པ་པོ་སྒེར་གྱི་ལྟ་ཚུལ་ཡིན་པ་ལས་བོད་ཀྱི་བང་ཆེན་གསར་ཁང་གི་ལྟ་བ་ཡིན་པའི་ཁྱབ་པ་མེད།