སྤྱི་ནོར་༧གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།

པར། བོད་མིའི་སྒྲིག་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་སུ་ཤི་ལ་ཀར་ཀི་ (Sushila Karki) བལ་ཡུལ་གྱི་སྲིད་བློན་དུ་བསྐོ་བཞག་བྱུང་བར་དགའ་བསུའི་འཚམས་འདྲི་མཛད་འདུག 
ཕྱི་ཚེས་༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ་ཐོག་ཏུ་གནས་ཚུལ་སྤེལ་དོན་ལ། ༧གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་མཆོག་ལ་འཚམས་འདྲི་མཛད་འདུག་པ་དང་། དེ་ཡང་འཚམས་འདྲིའི་གསུང་འཕྲིན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་རྒྱུས་ཐོག་ནས་བོད་མི་དང་། བལ་པོའི་དབར་འབྲེལ་ལམ་དམ་ཟབ་ཡོད་སྐོར་བཀའ་སྩལ་ཞིང་། ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་བཙན་བྱོལ་དུ་གྱར་དགོས་བྱུང་རྗེས་བལ་ཡུལ་གཞུང་མང་གཉིས་ནས་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་སྦྱོར་བཞིན་པ་དེ་དྲིན་ཆེན་པོ་ཡིན་ཞེས་དང་། བལ་ཡུལ་དུ་གནས་སྡོད་བོད་མི་ཉུང་ཤས་ལས་མེད་ཀྱང་གནས་ཡུལ་གཞུང་གི་དཔལ་འབྱོར་གོང་འཕེལ་ཐད་ཕན་གྲོགས་ཡོང་གི་ཡོད་ཅེས་ཐུགས་ཡིད་ཆེས་མཛད་འདུག
གཞན་ཡང་འདས་པའི་ལོ་ཤས་ནང་བལ་ཡུལ་དུ་གང་ཅིའི་ཐད་ནས་ཡར་རྒྱས་གོང་འཕེལ་དུ་ཕྱིན་པ་དང་། གྲུབ་འབྲས་དེ་དག་དོན་དངོས་སུ་ཁྱབ་ཁོངས་ཉམ་ཐག་མཁོས་ཞན་དང་དགོས་མཁོ་ཅན་གྱི་མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་སུ་གཏོང་ཐུབ་རྒྱུ་ནི་དེ་བས་ཀྱང་དོན་སྙིང་ལྡན་པ་ཞིག་ཡིན་སྐོར་བཀའ་བསྩལ་ཏེ། གསར་དུ་བསྐོ་བཞག་བྱས་པའི་སྲིད་བློན་ནས་ད་ལྟའི་དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་ཁྱབ་ཁོངས་མི་མང་གི་མངོན་འདོད་སྒྲུབ་ཐུབ་པའི་ཐུགས་སྨོན་མཛད་ཡོད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།