སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གཞུང་འབྲེལ་མཛད་སྒོའི་ཐོག་བཀའ་ཤག་གི་གཏམ་བཤད།
༄༅། །དེ་རིང་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་དགུ་བཅུར་ཕེབས་པའི་༸སྐུའི་གོ་སྟོན་གྱི་བཀྲ་ཤིས་དུས་བཟང་འདིར། བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཏུ། དུས་སྟོན་མཛད་སྒོར་ཆེད་ཕེབས་གནང་མཁན་ཕྱི་ནང་སྐུ་མགྲོན་རྣམ་པ་དང། འཛམ་གླིང་ཁྱོན་དུ་དུས་སྟོན་ལ་མཉམ་རོལ་བྱེད་མཁན་ཚང་མར་སྤྲོ་སེམས་འཁོལ་བའི་ངང་འཚམས་འདྲི་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢ ཉིན། བོད་མི་དང་དད་ལྡན་རྗེས་འཇུག་པ་རྣམས་ཀྱི་མངོན་འདོད་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུ་ཕྲེང་རིམ་བྱོན་མུ་མཐུད་ཕེབས་རྒྱུའི་དབུགས་དབྱུངས་བཀའ་དྲིན་བསྐྱངས་པ་ནི། བོད་དང་བོད་མིའི་ཚེ་སྲོག་གི་རྒྱུན་ཐག་མུ་མཐུད་གནས་ངེས་ཡིན་པའི་གཡར་དམ་དང་གཉིས་སུ་མ་མཆིས་པས། གཞིས་བྱེས་ལྷ་མི་ཡོངས་དང་། བོད་ཀྱི་གྲོགས་པོ་ཡོངས་ཀྱི་ཚབ་ཞུས་ཏེ། ༸མགོན་པོ་མཆོག་ལ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་བསྟན་བདག་བླ་ཆེན་དང་སྐུ་ཚབ་སྤྱི་མགྲིན་ནས་༸མགོན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་དམིགས་བསལ་གྲོས་ཆོད་དུ་རྒྱ་གཞུང་གི་སྐུའི་ཡང་སྲིད་ཐད་ཇུས་ངན་གཤོམ་སྒྲོགས་ལ་དགག་པ་དང་། ངོས་ལེན་བྱེད་ཐབས་མེད་པའི་སྤྱི་མོས་གྲོས་ཆོད་བསྣོལ་འཇོག་ལའང་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཏུ། བོད་མི་རིགས་ནམ་གནས་ཀྱི་བར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསང་གསུམ་གྱི་མཛད་འཕྲིན་རྒྱ་ཆེར་སྐྱོང་གནང་ཡོང་བའི་སྨོན་འདུན་དང་། སྐལ་ལྡན་གདུལ་བྱ་རྣམས་ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཡོང་བའི་གསོལ་འདེབས་ཞུ་བཞིན་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་སྐུ་ཚེ་ཧྲིལ་པོར་བྱམས་བརྩེའི་བསྟན་བཅོས་ཉམས་ལེན་དང་། གཞན་ལ་བསླབ་སྟོན་གནང་མཁན་འཛམ་གླིང་གི་དབུ་ཁྲིད་མཆོག་གྱུར་ཅིག་ཡིན་པ་སྐྱེ་བོ་ཀུན་གྱི་མཐུན་སྣང་དུ་གྲུབ་ཡོད་ཅིང་། བཀའ་ཤག་གིས་འདས་མ་ཐག་པའི་གཞུང་འབྲེལ་མཛད་སྒོ་བཞིའི་ཐོག །༸མགོན་པོ་མཆོག་གི་འགྲོ་བ་མིའི་བཟང་སྤྱོད་དར་སྤེལ་དང་། ཆོས་ལུགས་མཐུན་འབྲེལ། བོད་ཀྱི་ཆོས་རིག་དང་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གྱི་གནའ་བོའི་ཤེས་རིག་བསྐྱར་གསོ་བཅས་རླབས་ཆེན་མཛད་ཁུར་བཞིའི་བཞེད་དགོངས་དང་། དེ་དག་གི་ཤུགས་རྐྱེན་གྲུབ་འབྲས་སྐོར་ངོ་སྤྲོད་སྙིང་བསྡུས་རེ་ཞུ་ཁུལ་བགྱིས་པའང་འབྲེལ་ཐོགས་ཚང་མས་འཛམ་གླིང་ཞི་བདེ་དང་མི་ཚེ་བདེ་སྐྱིད་སྒྲུབ་པའི་ཐབས་མཆོག་འདི་དག་གོ་རྟོགས་དང་། མྱོང་འདྲིས་བསྟེན་རྒྱུར་རམ་འདེགས་གྱི་ཚུལ་དུ་བཀྲལ་བ་ཞིག་ཡིན། བོད་མིའི་སྒྲིག་འཛུགས་ཀྱིས་འདི་ལོའི་འཁྲུངས་ལྷ་དབྱར་གསོལ་ཉིན་ནས་བཟུང་འཛམ་གླིང་ཁྱོན་དུ་བྱམས་བརྩེའི་ལོ་འཁོར་སྲུང་བརྩི་ཞུ་རྒྱུའི་ལས་འཆར་བསྒྲིགས་ཏེ། ༸མགོན་པོ་མཆོག་གི་བཀའ་དྲིན་དྲན་ཤེས་དང་། དགོངས་བཞེད་ཁྱབ་སྤེལ་ལ་དམིགས་ཡོད་པས། བོད་རིགས་དང་བོད་ཀྱི་གྲོགས་པོ་སྒེར་པ་དང་། ཚོགས་སྡེ་གང་ན་སུ་ཡོད་ནས་རང་རང་འཚོ་གནས་བྱ་ཡུལ་གྱི་དགའ་ཉེ་གྲོགས་འབྲེལ་དང་། གྲོང་པ་ཁྱིམ་མཚེས་ནས་འགོ་བཙུགས་ཏེ། ལོ་འཁོར་འདིའི་ནང་། བོད་མིའི་སྒྲིག་འཛུགས་མ་ལག་དང་ཚོགས་སྡེ་ཁག་གི་ལས་འགུལ་ཁག་ནང་མཉམ་ཞུགས་སམ། སོ་སོས་དང་བླངས་ཐོག་གཞོན་སྐྱེས་གཙོས་པའི་གོ་ལའི་སྤྱི་ཚོགས་སུ་བྱམས་བརྩེའི་རིན་ཐང་ཁྱབ་སྤེལ་གནང་ཐབས་ཐོག་རང་ནུས་རྩལ་སྤྲུགས་ཡོང་བའི་འབོད་སྐུལ་ཞུ་གི་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཁུར་བཞིའི་རླབས་ཆེན་དགོངས་བཞེད་འདི་དག་ནི་བྱམས་བརྩེའི་གཤིན་ས་ལས་འཁྲུངས་པའི་ཡལ་ག་བཞི་རུ་བཀྱེད་པའི་དཔག་བསམ་ལྗོན་པ་ཞིག་ཏུ་ངོས་འཛིན་ཞུ་ཆོག་ཅིང་། ད་ལྟའི་འཛམ་གླིང་འདིར་དྲག་པོའི་དམག་འཁྲུག་དང་། གོ་མཚོན་འགྲན་བསྡུར། ཚོང་ཁེ་འགྲན་རྩོད། སྤྱི་ཚོགས་ཁ་འཐོར། བཟང་སྤྱོད་ཉམས་འཆལ། གནམ་གཤིས་འགྱུར་ལྡོག་སོགས་སྣེ་འཛིང་བའི་དཀའ་ཉེན་དེ་རིགས་སེལ་བའི་ཐབས་མཆོག་བསྙོན་མེད་ཅིག་ཡིན་པས། བཞེད་དགོངས་འདི་སྐྱེ་བོ་སྒེར་གྱི་རིམ་པ་ནས་ཡ་རབས་ཀྱི་ལས་ལ་ཞུགས་ཏེ་བྱམས་བརྩེའི་ལྟ་སྤྱོད་མྱོང་གོམས་དང་། སྤྱི་ཚོགས་ཀྱི་རིམ་པ་ནས་ཆོས་ལུགས་མཐུན་སྒྲིལ་བརྒྱུད་བྱམས་བརྩེའི་སྤྱི་ཚོགས་འཛུགས་སྐྲུན། རིག་གཞུང་གི་རིམ་པ་ནས་རིག་གཞུང་སྲུང་སྐྱོབ་བརྒྱུད་བྱམས་བརྩེའི་གདམ་ངག་རྒྱུན་འཛིན། ཚན་རིག་གི་རིམ་པ་ནས་ཤེས་རབ་བསྐྱར་གསོ་ལ་བརྟེན་ནས་བྱམས་བརྩེའི་རིན་ཐང་ཁུངས་སྐྱེལ་བཅས་ཕྱོགས་རིམ་མང་པོ་ནས་ལག་ལེན་གྱི་མ་ལག་འཐུས་ཚང་ཞིག་གྲུབ་ཡོད་པས། འཛམ་གླིང་འདིའི་རང་དབང་ཡུལ་གྲུ་ཕལ་ཆེ་བའི་ནང་ཚད་མཐོའི་གདེང་འཇོག་ཐོབ་སྟེ་སྤྱི་ཚོགས་ལས་རིགས་སྣ་མང་ནང་རྣམ་པ་ཅི་རིགས་ཀྱི་ཉམས་ལེན་ལག་བསྟར་ཁྱབ་འཕེལ་ཇེ་ཆེར་འགྲོ་བཞིན་པ་དེས། མ་འོངས་པའི་འཇིག་རྟེན་འདིར་རེ་བའི་འོད་སྣང་གསར་པ་ཞིག་འཆར་ཡོད།
མི་ལོ་ ༦༦ ལྷག་གི་བཙན་བྱོལ་གྱི་ལོ་ཟླའི་ནང་། ང་ཚོ་བཙན་བྱོལ་བོད་མི་རྣམས་ངོ་ཤེས་པ་གནམ་དང་ས་ལས་མེད་པའི་ཡུལ་གྱར་བའི་མི་སྡེ་ཞིག་ནས་ད་ལྟའི་ཆར་འཛམ་གླིང་འདིའི་ནང་བཙན་བྱོལ་བ་གཞན་གྱིས་བསྒྲུན་དུ་མེད་པའི་སྤྱི་ཚོགས་གཟེངས་ཐོན་ཞིག་ཆགས་པའི་གྲུབ་འབྲས་མཐའ་དག་གི་རྨང་གཞི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེའི་བསྟན་བཅོས་ཡིན་ཞིང་། འདི་ནི་བླང་དོར་གྱི་བློ་མིག་ལྡོངས་པའི་ཀླ་ཀློའི་དཔུང་གིས་ནམ་ཡང་གཞོམ་གཞིག་མི་ཐུབ་པའི་བོད་མིའི་འཇམ་པོའི་སྟོབས་ཤུགས་ངོ་མ་དེ་ཡིན་ལ། རྒྱལ་ཁབ་བཅུ་ཕྲག་དུ་མའི་གཞུང་མང་གཉིས་ཀས་ང་ཚོ་བཙན་བྱོལ་བོད་མི་ཚོར་བཟང་ཕྱོགས་ཀྱི་ངོས་འཛིན་གཅིག་གྱུར་ཡོད་པའང་༸མགོན་པོ་མཆོག་གི་བྱམས་བརྩེའི་བསྟན་བཅོས་ཉམས་ལེན་ཞུས་པའི་ཉེར་ལེན་དུ་ངེས་ན། ང་ཚོས་རྩ་བའི་བླ་མར་དྲིན་གཟོའི་ཐབས་ཚུལ་ཡག་ཤོས་ཀྱང་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་ཞུ་རྒྱུ་འདི་ཡིན་པ་ཞུ་མ་དགོས་པས། ཚང་མས་ཉམས་ལེན་མུ་མཐུད་གནང་རྒྱུ་དྲན་སྐུལ་ཞུ་བཞིན་ཡོད།
དེ་རིང་གི་དུས་ཚིགས་ཁྱད་པར་ཅན་འདིར། རྒྱ་གཞུང་གིས་གཞིས་བཞུགས་སྤུན་ཟླ་རྣམས་ལ་སོ་སོའི་རྩ་བའི་བླ་མའི་འཁྲུངས་སྐར་དང་འབྲེལ་བའི་བསངས་གསོལ་དང་རླུང་རྟ་དར་འཛུགས་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཙམ་ཡང་དབང་ཡོད་བཙན་ཤེད་ལ་བརྟེན་ནས་དམ་བསྒྲགས་བྱེད་ཀྱི་ཡོད་ནའང་། བོད་ཕྲེང་འཛིན་གྱི་ཕྲེང་རྡོག་རེ་རེ་དང་། མ་ཎི་ཡིག་དྲུག་གི་དབྱངས་རྟ་རེ་རེའི་ཁོང་གསེང་དུ་ཐིམ་པའི་བླ་སློབ་ཀྱི་དམ་ཚིག་ནི་བཙན་དབང་གིས་གནོན་སྡོམ་ཐུབ་པ་ཞིག་གཏན་ནས་མ་ཡིན་པས། གཞིས་བྱེས་བོད་མི་ལྷན་འཛོམས་ཐོག་༸རྒྱལ་བའི་འཁྲུངས་སྐར་དུས་ཆེན་རང་དབང་གི་སྒོ་ནས་མཉམ་རོལ་གྱི་སྐལ་བཟང་གི་གོ་སྐབས་མྱུར་དུ་འཆར་རྒྱུར་ང་ཚོ་ཐུན་མོང་གིས་འབད་པ་བསྟེན་དགོས།
༸རྒྱལ་བའི་གོ་སྟོན་གྱི་མཛད་རིམ་ལོ་འཁོར་མོར་བསྒྲིགས་ཏེ་འཛམ་གླིང་གང་ས་ནས་བོད་ཀྱི་གྲོགས་པོ་གནད་ཡོད་ཇི་སྙེད་ཅིག་སྐུ་མགྲོན་དུ་རིམ་པ་བཞིན་ཕེབས་ཞུགས་གནང་རྒྱུ་ཡིན་ཞིང་། དེ་རིང་གི་མཛད་སྒོ་འདིའི་ཐོག་ས་ཐག་རིང་པོ་ནས་སྐུ་མགྲོན་མང་པོ་ཞིག་ཕེབས་ཡོད་པ་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་ཅག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་མོས་དང་རྒྱབ་སྐྱོར་ཞུ་བཞིན་པ་ནི་བྱམས་བརྩེ་དང་དྲང་བདེན་ལ་མངོན་བསྟོད་མཚོན་གྱི་ཡོད་ཅིང། ཁྱེད་ཅག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེའི་བསྟན་བཅོས་ཀྱི་རིན་ཐང་མཁྱེན་རྟོགས་ཀྱི་ཐོག་ནས་འཛམ་གླིང་ཡོངས་སུ་ཁྱབ་སྤེལ་ཐད་འབད་བརྩོན་གནང་ཐབས་གཞེན་སྐུལ་ཞུ་བཞིན་ཡོད། མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ཞི་བདེ་དང་། འགྲོ་བའི་བདེ་སྐྱིད་ཀྱི་ཆེད་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་དང་། བཀའ་ཤག་གིས་ད་བར་རང་ནུས་གང་ལྕོགས་དང་། ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་ཁུལ་ཡིན་ལ། དེ་རིང་གི་མཛད་སྒོ་འདིའི་ཐོག་ང་ཚོ་ཚང་མས་དམ་ཚིག་གཟོང་ཁ་ཆིག་སྒྲིལ་གྱི་ཐོག་ནས་༸རྒྱལ་བ་རིན་པོ་ཆེའི་བྱམས་བརྩེ་བསྟན་བཅོས་ཉམས་ལེན་ལག་བསྟར་ཞུ་རྒྱུའི་དམ་བཅའ་བསྐྱར་འཇོག་ཡོང་བའི་གཞེན་སྐུལ་དང་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ལ། །
ཡོང་ཁུངས་བོད་མིའི་སྒྲིག་འཛུགས།