སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་ཀྱི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོར་སྩལ་བའི་བཀའ་སློབ།

ཕྱི་ཚེས་ ༧ གྱི་ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་༸སྐུའི་འཁྲུངས་སྐར་མཛད་སྒོ་སྲུང་བརྩི་ཞུས་ཡོད་པ་དང་།
ཐེངས་འདིིའི་མཛད་སྒོའི་ཐོག་བོོད་ཀྱི་བསྟན་བདག་བླ་ཆེན་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སྐུ་མགྲོན་གཙོ་བོ། ཆེ་བསྟོད་སྐུ་མགྲོན། དམིགས་བསལ་སྐུ་མགྲོན་བཅས་སྐུ་མགྲོན་མང་པོ་ཞིག་ཕེབས་ཡོད་པ་དང་། དེ་བཞིན་མི་མང་ཡང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ཕྱི་ནང་ཚང་མར་མི་ཤོང་བར་གྱུར་སོང་།
སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ཆོས་གྲོགས་དང་གྲོགས་པོ་ལྷན་རྒྱས་ཚང་མར་ཞུ་རྒྱུར། ངོས་རང་དེ་རིང་ལོ་དགུ་བཅུར་སླེབས་པའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་ཁྱོད་ཚོ་དགའ་ཚོར་ཤུགས་ཆེན་པོའི་ཐོག་དགའ་བཞིན་སྤྲོ་བཞིན་དུ་འཛོམས་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ལྟར་ངོས་ལ་ཆ་བཞག་ན་གཅིག་ནས་མི་ལུས་ཤིག་ཐོབ་ཡོད་པ་དང་། མི་ལུས་ཤིག་ཡིན་པའི་ངོས་ནས་མི་ཕན་ཚུན་ལ་བརྩེ་བ་དང་རོགས་རམ་བྱེད་པ་ནི་ཆོས་ཉིད་རེད། ཡང་སྒོས་ང་ཚོ་ཆོས་དར་སའི་ལུང་པ་ཞིག་ནས་ཡོང་བ་ཡིན་པས་ཆོས་ཕྱོགས་ཀྱི་ཐོག་ནས་སྤུན་ཟླ་མི་རིགས་ཀྱི་བསམ་བློ་ཡང་ཤུགས་ཆེན་པོ་ཡོད་པ་རེད། ཉམས་ལེན་གྱི་གཙོ་བོ་ནི་སྤྱོད་འཇུག་ནས་གསུངས་པ་བཞིན་གཞན་ཕན་གྱི་བློ་དེ་གལ་ཆེ་ཤོས་ཆགས་ཡོད། དེར་བརྟེན། ངོས་ནས་སྤྱོད་འཇུག་གི་བསམ་བློ་ཤུགས་ཆེན་པོ་གཏོང་གི་ཡོད། འགྲོ་བ་སེམས་ཅན་ཐམས་ཅད་རང་གི་གཉེན་དུ་བལྟས་ནས་སྒོ་གསུམ་གྱི་ནུས་པ་ཅི་ཡོད་པ་དེ་གཞན་དོན་ལ་ཕན་པར་ཤོག་ཅེས་ངོས་ནས་བྱེད་བཞིན་ཡོད།
དེ་རིང་འདིར་ངོས་ཀྱི་སྐྱེས་སྐར་གྱི་དུས་ཆེན་ལ་ཁྱོད་ཚོ་མང་པོ་ཞིག་དགའ་པོ་བྱས་ཏེ་ཕེབས་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅི་ཙམ་གྱིས་མི་མང་འདུ་འཛོམས་དང་དགའ་ཚོར་ཆེན་པོའི་རྣམ་འགྱུར་བསྟན་ཡོང་དུས་ངོས་རང་གི་ཀུན་སློང་ལ་སྐུལ་མ་ཡོང་གི་འདུག ངོས་ཀྱིས་གཞན་ཕན་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་བཞིན་ཡོད་པ་རེད། དེའི་འབྲས་བུར་མི་མང་པོས་དགའ་པོ་བྱེད་ཀྱི་ཡོད། རང་གཅེས་འཛིན་གྱི་བསམ་བློ་བཏང་ནས་ང་ལ་དགའ་པོ་བྱེད་མཁན་བྱུང་ན་བསམ་པའི་བསམ་བློ་གཏོང་ཚེ། དེའི་ཐབས་ཤེས་ནི་བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ལ་སྙིང་ཁོང་རུས་པའི་གཏིང་ནས་བསམ་བློ་རྩེ་གཅིག་ཏུ་བཏང་བ་ཡིན་ན་གཞན་གྱིས་དགའ་པོ་བྱས་ཏེ་རང་བཞིན་གྱིས་འདུས་ཡོང་བ་ཞིག་ཆགས་ཀྱི་འདུག ངོས་རང་ལ་ཆ་བཞག་ན་བྱང་ཆུབ་ཀྱི་སེམས་ཉམས་ལེན་གྱི་གཙོ་བོ་བྱས་ཏེ་བསམ་བློ་གཏོང་གི་ཡོད། ནུས་པ་ཧ་ཅང་ཆེན་པོ་རེད་འདུག བྱང་ཆུབ་ཀྱི་སེམས་ཀྱི་གྲོགས་ལ་སྟོང་ཉིད་ཀྱི་ལྟ་བ་རེད། སེམས་བསྐྱེད་དང་སྟོང་ཉིད་ཀྱི་ལྟ་བ་ཟུང་དུ་སྦྲེལ་བའི་ཐོག་ནས་ཉིན་ཞག་ཕྲུགས་གཅིག་གི་དུས་ཚོད་བསྐྱལ་དུས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་རྒྱུ་ཚོགས་ཀྱི་རྨང་གཞི་བཏིང་ནས་འགྲོ་བཞིན་ཡོད།
ལྷ་སའི་ཇོ་བོ་ཐུགས་རྗེ་ཆེན་པོ་རྟེན་གྱི་གཙོ་བོ་བྱས་ཏེ། སྟག་བྲག་རིན་པོ་ཆེ་དང་གླིང་རིན་པོ་ཆེ། ཁྲི་བྱང་རིན་པོ་ཆེ་བཅས་ཀྱི་སྐུ་མདུན་ནས་ངོས་རང་བསྙེན་རྫོགས་བསྒྲུབས་པ་རེད། དེ་ནས་དུས་ད་ལྟའི་བར་དུ་ངོས་ཀྱིས་དགེ་སློང་གི་འདུ་ཤེས་བརྟན་པོ་བཟུང་ནས་བསྡད་ཡོད། གང་ལྟར་མི་སུ་ལ་ཐུག་པ་ཡིན་ནའང་། གཞན་ཕན་གྱི་བློ་རྩེ་གཅིག་པས་ཟིན་པ་བྱས་ཏེ་ཐུག་གི་ཡོད། དེར་བརྟེན། མི་ལུས་ཐོབ་པ་དོན་དང་ལྡན་པ་ཞིག་དང་། དེ་ལྟ་བུའི་ཉམས་ལེན་ཡག་པོ་བྱེད་ཡོང་དུས་ངོས་རང་འཆི་ཁར་འགྱོད་པ་མེད་པར་སེམས་གདེང་འཁེལ་བའི་ངང་ནས་གྲོངས་འགྲོ་རྒྱུ་རེད། ད་ལྟ་ལོ་དགུ་བཅུར་སླེབས་ཡོད། དེའི་རིང་ལ་ངོས་ཀྱིས་ཉམས་ལེན་གང་ལ་གང་འཚམ་བྱས་ཡོད། དེའི་ལག་རྗེས་སུ་སེམས་དུལ་བ་དང་ཞི་བ། ཞི་གནས་དང་ལྷག་མཐོང་གི་སྐོར་ལ་ཡིན་ནའང་གང་འཚམ་གྱིས་བསམ་བློ་གཏོང་གི་ཡོད། ངོས་རང་གིས་བསམ་བློ་བཏང་ན་ངོས་ཀྱི་མི་ཚེ་སྟོང་ཟད་དུ་འགྲོ་གི་མེད་པ་ཞིག་མཐོང་གི་འདུག ཏཱ་ལའི་བླ་མ་རེད་ཅེས་ཧ་ཅང་བསྟོད་པ་ཡིན་ནའང་ང་རྒྱལ་སྐྱེས་ཀྱི་མི་འདུག ངོས་རང་གི་གནས་སྟངས་ག་འདྲ་ཞིག་ཡིན་པ་ལ་བསམ་བློ་ག་དུས་ཡིན་ནའང་འཁོར་གྱི་འདུག
བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་གི་ངོས་ནས་མི་མང་ལ་ཞབས་འདེགས་སྒྲུབ་པ་དང་། བསྟན་པ་ལ་ཞབས་འདེགས་སྒྲུབ་པ། ག་ཚོད་ཐུབ་ཐུབ་ཀྱིས་ཞབས་འདེགས་སྒྲུབ་རྒྱུ་ནི་ངོས་ཀྱི་ལག་ལེན་གཙོ་བོ་རེད། གཞན་ཕན་བྱང་ཆུབ་ཀྱི་སེམས་སམ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ག་ལེར་སླེབས་རྒྱུ་མ་གཏོགས་ཁག་པོ་རེད། གཞན་ཕན་གྱི་བློས་ཟིན་པའི་ཐོག་ནས་ངོས་ཀྱིས་མི་ཚེ་སྐྱེལ་བཞིན་ཡོད། ངོས་ཀྱིས་གཞན་ཕན་གྱི་ཀུན་སློང་འཁྱེར་ནས་ཕན་ཐོགས་བྱས་པའི་ཚོད་ཀྱིས་མིས་ཚུར་དགའ་བོ་བྱེད་པ་ཡང་ཤུགས་ཆེན་པོ་འདུག དེར་བརྟེན། ཁྱོད་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་འདིར་ངོས་རང་ལོ་དགུ་བཅུར་སླེབས་པའི་འཁྲུངས་སྐར་གྱི་མཛད་སྒོར་མི་མང་པོ་ཞིག་འཛོམས་ཡོད། ཁྲལ་བཞག་ནས་སླེབས་པ་མ་རེད། སེམས་གཏིང་ནས་ཞེན་ཁོག་དང་དགའ་ཚོར་བྱས་ཏེ་ཡོང་པ་རེད། ངོས་ཀྱིས་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིིན། ཁྱོད་ཚོ་ཅི་ཙམ་གྱིས་ངོས་ལ་བརྩེ་བ་ཡོད་པ་དེའི་ཚོད་ཀྱིས་ཁྱོད་ཚོས་བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་ཉམས་ལེན་གནང་རོགས་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།
མཐར་རྒྱ་རིགས་སྒྱུ་རྩལ་བ་གྲགས་ཅན་ཁྲིན་ཝི་མིང་ལགས་ནས་རྒྱ་རིགས་དད་ལྡན་རྗེས་འཇུག་པ་རྣམས་ཀྱི་སྐུ་ཚབ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྐུའི་འཁྲུངས་སྐར་བསུ་བའི་མཆོད་རྟེན་གྱི་དབྱིབས་སུ་བོད་རྒྱ་དབྱིན་གསུམ་ནང་སྨོན་ཚིག་འཁོད་པའི་སྒྱུ་རྩལ་གྱི་བཟོ་བཀོད་ཕྱག་རྟགས་འབུལ་བཞེས་བརྐྱངས་རྗེས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ཨིན་ཡིག་ཕྱག་དེབ་དབུ་འབྱེད་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་རྣམ་པ་དང་ཞབས་ལོ་ ༢༥ འཁོར་མཁན་རྣམ་པར་གཟེངས་རྟགས་ཕུལ་ཞིང་། སྐུ་མགྲོན་རྣམས་ལ་གོ་སྟོན་དྲན་རྟེན་ཕྱག་རྟགས་འབུལ་ལམ་ཞུས། དེ་རྗེས་༸རྒྱལ་བའི་གོ་སྟོན་མཛད་སྒོར་གདན་འདྲེན་ཞུས་པའི་རྒྱལ་སྤྱིའི་སྒྱུ་རྩལ་བ་རྣམས་ཀྱིས་འཁྲབ་སྟོན་རིམ་པ་བཞིན་གཟིགས་འབུལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུས་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་གྲུབ་ཡོད་