སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས།

བལ་ཡུལ་ཉེན་རྟོག་རུ་ཁག་དང་དབང་པོ་སྐྱོན་ཅན་གྱི་སྡེ་ཚན་གཉིས་ཀྱིས་བོད་མི་ཞིག་ལ་ས་ཡོམ་སྐབས་སྤྱི་ཚོགས་ཞབས་ཕྱི་ཞུས་པའི་བྱ་དགའ་ཕུལ་འདུག

duru1དེ་ཡང་བལ་ཡུལ་དུ་གནས་སྡོད་དཀོན་མཆོག་བཀྲ་ཤིས་ཀྱིས་༢༠༡༥ ལོར་བལ་ཡུལ་ས་ཡོམ་གྱི་དོན་རྐྱེན་བྱུང་ནས་གཞུང་མང་གཉིས་དཀའ་ཁག་འཕྲད་སྐབས། དང་བླངས་གྱི་སྒོ་ནས་ས་ཁུག་གང་སར་སོང་ནས། གྲོང་མཐའ་དང་། གཞན་གྱི་མཐོང་དཀའ་བའི་གྲོང་གསེབ་དང་རི་འདབས་སོགས་ལ་འཚོ་གནས་བྱེད་མཁན་གྱི་གནོད་འཚེ་ཕོག་ཡུལ་དག་ལ་རོགས་རམ་བྱས།

ཕྱིས་སུ་ས་ཡོམ་དོན་རྐྱེན་ཁྲོད་ནས་ཕ་མ་འདས་གྲོངས་སོང་བའི་བུ་ཕྲུག་རོགས་རམ་ཚོགས་པ་ཞིག་གམ་ཡང་ན་དྭ་ཕྲུག་ཁང་ཞིག་བྱུང་བ་དེར་ལས་ཀ་བྱས།

དེ་ཡང་ཁོང་ནི་གཞན་ལ་དཔལ་འབྱོར་གྱི་རོགས་རོམ་བྱེད་ཐུབ་པའི་ཡོང་འབབ་དང་དངུལ་འབོར་ཡོད་པའི་ཕྱུག་བདག་ཅིག་མ་ཡིན་རུང་།  རང་ཉིད་ཀྱི་དབྱིན་སྐད་དང་རྒྱ་སྐད་བེད་སྤྱད་ནས་ལྷག་བསམ་ཅན་གྱི་སྦྱིན་བདག་དང་ཉམ་ཐག་པའི་དྭ་ཕྲུག་དང་མི་སེར་བར་ལ་འབྲེལ་མཐུད་གཙོ་བོ་བྱས་ནས་དཔལ་འབྱོར་སྡུ་རུབ་ཀྱི་སྒོ་ནས་ཕྱི་དངོས་པོའི་མཐུན་རྐྱེན་དང་། ནང་ཤེས་ཡོན་གྱི་སློབ་ཁྲིད་སོགས་སྒོ་གང་ས་ནས་གཞན་ཕན་གྱི་བྱ་བ་སྤྱི་དང་། ལྷག་པར་དུ་ཉམ་ཐག་དབང་པོ་སྐྱོན་ཅན་གྱི་སློབ་ཕྲུག་རྣམས་ལ་བྱམས་བརྩེའི་རོགས་སྐྱོར་བླ་ན་མེད་པ་གནང་བར་བརྟེན་ཕྱི་ལོ་༢༠༡༦/༩/༢༦ཉིན་བལ་ཡུལ་གྱི་ཉེན་རྟོག་སྡེ་ཚན་དང་། དབང་པོ་སྐྱོན་ཅན་གྱི་སློབ་གྲྭ་བཅས་ཟུང་འབྲེལ་གྱི་སྒོ་ནས་ཕུལ་བྱུང་གི་བྱས་རྗེས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་མཚོན་པའི་གཟེངས་རྟགས་ཕུལ་འདུག

དཀོན་མཆོག་བཀྲ་ཤིས་ནི་ཕ་ཡུལ་མདོ་ཁམས་འབྲི་རུ་ནས་འཚར་ལོངས་བྱུང་བ་དང་། བོད་ནས་སྐྱབས་བཅོལ་དུ་སླེབས་རྗེས་གསོག་སྒར་སློབ་གྲྭའི་ནང་སློབ་གཉེར་གནང་། དེ་རྗེས་བལ་ཡུལ་དུ་གནས་སྡོད་བྱས་ཡོད་པ་རེད།།