སྤྱི་ཟུར་གྲའུ་དཔོན་རིན་ཆེན་ཚེ་རིང་དགུང་ལོ་༩༣ ཐོག་འདས་གྲོངས་སུ་ཕྱིན་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོ་ནས་སྔ་ཕྱིར་ལས་ཡུན་བཞིའི་རིང་སྤྱི་འཐུས་གནང་མྱོང་མཁན་གྲའུ་དཔོན་རིན་ཆེན་ཚེ་རིང་ཉེ་ཆར་འདས་གྲོངས་སུ་ཕྱིན་འདུག
དེ་ཡང་ཕྱི་༡༠ ཟླ་ཚེས་ ༢༧ གྱི་ཕྱི་དྲོར་སྤྱི་ཟུར་གྲའུ་དཔོན་རིན་ཆེན་ཚེ་རིང་དགུང་ལོ་ ༩༣ ཐོག་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་འདས་གྲོངས་སུ་གྱུར་ཡོད་འདུག་པ་དང་། ཁོང་ནི་ནང་ཆེན་ཉེར་ལྔའི་དཔོན་ཆེན་བཞིའི་ཡ་གྱལ་ཞིག་ཡིན་པ་དང་། གྲའུ་མེར་རྒན་སོགས་ཀྱི་རྒྱུད་པ་ལས་བྱོན་པའི་གྲའུ་ཚང་གི་ཁྱིམ་ཚང་དུ་སྐུ་(འཁྲུངས་ལོ་༡༩༣༡་དང་༡༩༣༠ མི་འདྲ་བ་གཉིས་འདུག་)འཁྲུངས་འདུག་ཅིང་། ཆུང་ནས་གྲའུ་དཔོན་ཚང་གི་འགན་ཁུར་བ་དང་གཞན་ཡང་བོད་དུ་ཡོད་སྐབས་ཁུལ་དང་རྫོང་གི་གོ་གནས་མང་པོ་ཞིག་བཞེས་མྱོང་ཡོད་འདུག་ཀྱང་། ཕྱི་ལོ་ ༡༩༥༨ ལོར་རྒྱ་ནག་དམར་པོའི་གཞུང་གིས་བོད་དུ་བཙན་འཛུལ་བྱེད་སྐབས། ཁོང་མདོ་ཁམས་ཆུ་བཞི་སྒང་དྲུག་དམག་གི་སྒྲིག་འཛུགས་ཐོག་མར་འཛུགས་མཁན་གྱི་གྲས་དང་། རྒྱ་དམག་དང་རྒོལ་འཛིང་ཐེངས་མང་གནང་མྱོང་ཡོད་འདུག མ་ཟད་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་སྐབས་སྐུ་སྲུང་མི་སྣ་གཙོ་བོའི་ཁོངས་སུ་ཡིན་པ་དང་། དེ་བཞིན་མི་གྲངས་༡༣ གྱིས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོ་ནས་སྔ་ཕྱིར་བོད་མི་མང་སྤྱི་འཐུས་སྐབས་དང་པོ་དང་། གཉིས་པ། གསུམ་པ། དྲུག་པ་བཅས་ལས་ཡུན་བཞིའི་རིང་སྤྱི་འཐུས་གནང་ཡོད་འདུག སྐབས་དང་པོའི་སྤྱི་འཐུས་གནང་མཁན་རྣམས་ཕལ་ཆེ་བ་སྔོན་ནས་འདས་གྲོངས་སུ་ཕྱིན་ཟིན་པས་ཁོང་མཐའ་མ་དེ་ཡིན་འདུག གཞན་ཡང་ཁོང་གིས་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་དང་། ཆུ་སྒང་ལོ་རྒྱུས་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ། བོད་ནང་ཕེབས་པའི་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཚོགས་ཆུང་གི་འཐུས་མི། དེ་བཞིན་ཀམ་རའོ་བོད་མིའི་གཞིས་ཆགས་གསར་འཛུགས་གནང་སྐབས་སྐུ་ལས་སྐྱོན་མཁན་གཙོ་བོའི་གྲས་བཅས་གནང་ཡོད་འདུག
དེ་སྔོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གྲའུ་དཔོན་གྱི་བུ་མོར་མཇལ་ཁང་གནང་སྐབས་གྲའུ་དཔོན་རིན་ཆེན་ཚེ་རིང་ལགས་ནི་ངོས་ཀྱི་གྲོགས་པོ་ཡིན་ཞེས་གསུངས་ཡོད་པ་རེད། ཁོང་འདས་གྲོངས་སུ་ཕྱིན་རྗེས་བརྒྱུད་ལམ་ཁག་ནས་རྩོམ་པ་པོ་དང་གནད་ཡོད་མི་སྣ་གཙོས་པའི་མི་མང་པོ་ཞིག་གིས་བློ་ཕམ་དང་མྱ་ངན་ཞུ་བཞིན་འདུག་ལ། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་བཅས་ནས། དམ་པ་ཁོང་གིས་བོད་བསྟན་སྲིད་མི་རིགས་དང་། བོད་གཞུང་། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་བསྔགས་བརྗོད་དང་། ད་ལན་འདས་གྲོངས་སུ་གྱུར་པར་མྱ་ངན། ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་བཅས་ཞུས་གནང་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།