སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱིས་བཟང་སྤྱོད་ཐོག་དགོངས་པ་ཞུས་ཡིན་གསུངས་སོང་།
ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བའི་གནད་དོན་དང་འབྲེལ་༧ཟམ་གདོང་རིན་པོ་ཆེའི་དགོངས་ཚུལ་ལ་བརྟེན་ནས། བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱིས་རང་ཉིད་ནོར་འཁྲུལ་ཤོར་བ་ཤེས་རྟོགས་བྱུང་བས། བཟང་སྤྱོད་ཀྱི་ཐོག་ནས་སྐབས་འདིའི་སྤྱི་འཐུས་ལས་གནས་ནས་དགོངས་པ་ཞུས་ཟིན་སྐོར་དང་། སྐབས་རྗེས་མའི་སྤྱི་འཐུས་སུ་འོས་འདེམས་བྱུང་མིན་དེ་མདོ་སྨད་རྒྱ་ཆེའི་མི་མང་གི་ལག་ཏུ་ཡོད་སྐོར་གསུངས་སོང་།
ཟླ་༤ པའི་ཚེས་༨ ཉིན་གངས་སྐྱིད་དུ་བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱིས་གློ་བུར་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། ༧ཟམ་གདོང་རིན་པོ་ཆེས་བཅའ་ཁྲིམས་དོན་ཚན་ ༦༧ འོག་ཁྲིམས་ཞིབ་ཁང་ལ་ཁྲིམས་བཟོ་བའི་དབང་ཚད་ཡོད་པ། དེ་ནི་བཅའ་ཁྲིམས་ཀྱི་གོང་དུ་བསྡད་མེད་པ། དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དོན་ཚན་ ༤༩ གཙོས་པའི་གོ་བ་ལེན་སྟངས་ཐད་ཀྱང་རང་ཉིད་ལ་ནོར་འཁྲུལ་བྱུང་འདུག་ན། སྙིང་ཁོང་རུས་པའི་གཏིང་ནས་༸གོང་ས་མཆོག་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ། བོད་མི་མང་བཅས་ལ་དགོངས་སེལ་ཞུ་རྒྱུ་མ་ཟད། སྤྱི་འཐུས་ཀྱི་ལས་གནས་ནས་བཟང་སྤྱོད་ཐོག་དགོངས་པ་ཞུས་པ་ཡིན་སྐོར་གསུངས་སོང་།
ཁོང་གིས་སྤེལ་བའི་བསྒྲགས་གཏམ་ནང་དུ། ཀུན་གྱིས་མཁྱེན་གསལ་བཞིན། ༢༠༢༠ ཟླ་ ༨ ཚེས་ ༢༡ ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་བར་བྱུང་བའི་གནས་ཚུལ་ལ་བརྟེན། ཉེ་ཆར་གྲོས་ཚོགས་ནང་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་བཏང་བའི་བར་གྱི་བརྒྱུད་རིམ་ཚང་མའི་ནང་རང་ཉིད་ལ་རྒྱུས་ཡོད་ཡིན་པ་ཙམ་མ་ཟད། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་སྤྱི་མང་ཁྲིམས་ཡིག་ནང་གསར་བཅུག་བྱས་པའི་་“Suo moto ཁྲིམས་ཀྱིས་ངོས་བཞེས་”ཞེས་པའི་ཁྲིམས་ཀྱི་བྱ་རིམ་ཐད་དྭོགས་སློང་དང་གང་ཤེས་དྲི་འདེད་བྱེད་མཁན་ཞིག་ཡིན། དེའི་རྐྱེན་ཁྲིམས་ཞིབ་ཁང་དུ་ཉན་ཞིབ་ཏུ་བཅར་བའི་སྐབས་ནས་བཟུང་ཁྲིམས་ཀྱིས་ངོས་བཞེས་ཞེས་པ་ཡུལ་ལུང་གཞན་གྱི་ཁྲིམས་དོན་ལ་དཔེར་བླངས་ནས་མ་གཏོགས། རང་རེའི་བཅའ་ཁྲིམས་ནང་དེ་གསལ་མེད་པ། དེ་ཡོད་ན་གྲོས་ཚོགས་དབུས་སུ་བཞག་པའི་ལྟ་གྲུབ་ལ་འགལ་འཛོལ་འགྱུར་ངེས་ཀྱི་གནས་བབ་རྒྱབ་རྟེན་ལུང་དང་བཅས་ནན་བརྗོད་བྱས་ཤིང༌། གལ་སྲིད་དེ་ལྟའི་དབང་ཚད་ཅིག་དགོས་ཚེ་ྋགོང་ས་སྐྱབས་མགོན་ཆེན་པོ་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེར་བཀའ་འདྲི་ལམ་སྟོན་མ་ཞུས་ཚེ་ཏག་ཏག་བསྡད་མེད་པ། ཉན་ཞིབ། གྲོས་ཚོགས། རྒྱུན་ལས། སྤྱི་ཚོགས་བཅས་སུ་རང་ ཐག་གཅོད་ཀྱིས་ཤུགས་ཆེར་ཆ་ཤས་བླངས་ཏེ། གཞན་གྱི་མ་རྟོགས་ལོག་རྟོག་གི་སྣང་ངོར་ག་འདྲ་ཞིག་ཆགས་ཀྱི་ཡོད་ནའང་རང་དོན་བློས་བཏང་བྱས་ནའང་། དེ་རིང་ ༢༠༢༡ཟླ་ ༤ ཚེས་ ༨ ཉིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་བདག་གི་སློབ་དཔོན་ཟམ་གདོང་རིན་པོ་ཆེར་གནད་འདིའི་ཐད་བཅར་འདྲི་ཞུ་སྐབས། བཅའ་ཁྲིམས་དོན་ཚན་ ༦༧ འོག་ཁྲིམས་ཞིབ་ཁང་ལ་དེ་ལྟར་ཁྲིམས་བཟོ་བའི་དབང་ཚད་ཡོད་པ། དེ་ནི་བཅའ་ཁྲིམས་ཀྱི་གོང་དུ་བསྡད་མེད་པ། དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དོན་ཚན་ ༤༩ གཙོས་པའི་གོ་བ་ལེན་སྟངས་ཐད་ཀྱང་རང་ཉིད་ལ་ནོར་འཁྲུལ་བྱུང་འདུག་ན། སྙིང་ཁོང་རུས་པའི་གཏིང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ། བོད་མི་མང་བཅས་ལ་དགོངས་སེལ་ཞུ་རྒྱུ་མ་ཟད། སྤྱི་འཐུས་ཀྱི་ ལས་འགན་ནས་ཀྱང་དགོངས་པ་ཞུས་པ་ཡིན། གནད་དོན་འདིའི་སྔ་ཕྱི་བར་གསུམ་ཡོངས་རྫོགས་ལ་རང་ཉིད་ཀྱི་རྣམ་དཔྱོད་གཞན་ བྲན་དུ་མ་བཏང་བར། སྤྱི་འཐུས་ཀྱི་ལས་འགན་འབད་སྒྲུབ་བྱས་པ་ལས། ཤེས་བཞིན་ཁྱད་གསོད་བྱས་པ་ཏིལ་འབྲུ་ཙམ་མེད་པ་དམ་ གཙང་ལྷ་མི་ཡོངས་ནས་དགོངས་འཇགས་ཞུ། འབྱུང་འགྱུར་སྔར་བཞིན་ྋགོང་ས་ཆེན་པོ་ཡབ་སྲས་ཀྱི་བཀའ་དགོངས་ཇི་བཞིན་སྤྱི་དོན་གཙུག་ཏུ་འཛིན་པའི་དམ་བཅའ་ནན་བརྗོད་དང་བཅས་ཞེས་གསལ་འདུག
ཁོང་གིས་༧གོང་ས་མཆོག་དང་༧ཟམ་གདོང་རིན་པོ་ཆེ་གཉིས་ནི་དོན་གྱི་བདག་པོ་ཡིན་པ་དང་། ཁྲིམས་ཞིབ་ཁང་གི་ཁྲིམས་ཀྱིས་ངོས་བཞེས་ཞེས་པའི་གནད་དོན་ཐོག ཁོང་རྣམ་པ་གཉིས་ལ་བཀའ་འདྲི་གནང་དགོས་པའི་བསམ་ཚུལ་རིམ་པ་བཏོན་ཡང་། ཁྲིམས་ཞིབ་ཁང་དང་རྒྱུན་ལས། གྲོས་ཚོགས་བཅས་ནས་འདི་ལྟར་གནང་མེད་པ་དང་། ཐེངས་འདིར་༧ཟམ་གདོང་རིན་པོ་ཆེས་གནད་དོན་དེའི་ཐད་བཀའ་སློབ་ལམ་སྟོན་ཕེབས་པ་ལྟར། གནད་དོན་དེའི་ཐོག་རང་ཉིད་ནོར་འཁྲུལ་ཤོར་བ་ངོས་ལེན་བྱེད་ཀྱི་ཡོད་སྐོར་དང་། གསར་འགོད་པས་ཟླ་༥ པའི་ནང་ཁྲིམས་ཞིབ་པ་གསར་པ་བསྐོ་གཞག་དང་ཁྲིམས་བཟོའི་ལས་དོན་ཁག་ཅིག་ལྷག་ཡོད་པས། གལ་ཏེ་སྤྱི་འཐུས་རྣམ་པས་དགོངས་པ་ཞུས་ཚེ། དགོས་ངེས་ཀྱི་སྤྱི་འཐུས་རྩ་འབོར་མི་ལོན་པ་ཆགས་མི་སྲིད་དམ་ཞེས་དྲིས་སྐབས། ཁོང་གིས་གནད་དོན་དེ་དང་འབྲེལ་ནས་སྤྱི་འཐུས་གཞན་པ་དགོངས་པ་ཞུ་མཁན་མང་པོ་འབྱུང་གི་རེད་དྲན་གྱི་མེད་ཀྱང་། དགོངས་པ་ཞུ་མཁན་མང་པོ་འབྱུང་མིན་ལ་མ་ལྟོས་པར་རང་ཉིད་ནོར་འཁྲུལ་ཤོར་བ་ཡིན་ན་བཟང་སྤྱོད་ཐོག་ནས་དགོངས་པ་ཞུ་རྒྱུ་གལ་ཆེན་ཆགས་ཡོད་སྐོར་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།