སྤྱི་འཐུས་ཚོགས་གཙོས་གྲོས་ཚོགས་ཚོགས་དུས་༡༡ པའི་དབུ་འཛུགས་གསུང་བཤད།
ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༦ ཉིན་གྱི་ཞོགས་པར་ཉིན་གྲངས་བཅུ་གསུམ་རིང་གི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་དེ། དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་སོང་། ཚོགས་འདུའི་ལས་རིམ་གསུམ་པར་དཔལ་ལྡན་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། ཁོང་གིས་སྤྱིར་བཏང་ལོ་རེར་ཕྱི་ཟླ་༣ པའི་ནང་སྔོན་རྩིས་གྲོས་ཚོགས་དང་། ཕྱི་ཟླ་༩ པའི་ནང་ལས་བསྡོམས་གྲོས་ཚོགས་ཞེས་གྲོས་ཚོགས་ཐེངས་གཉིས་རེ་ཚོགས་ཀྱི་ཡོད་པ་དང་། ལྷག་པར་དུ་ཕྱི་ཟླ་༣ པའི་ཚེས་༡༠ ནི་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཡིན་པས་ཟླ་བ་འདི་དམིགས་བསལ་གལ་ཆེན་པོ་ཡིན་པ་མ་ཟད། བོད་ནང་དུའང་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེ་བྱེད་སའི་ཟླ་བ་ཞིག་ཆགས་ཡོད་ཅེས་དང་།

ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས། ཐོག་མ་བཙན་བྱོལ་དུ་གྱར་སྐབས། བོད་མི་ཚོར་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་པའི་དུས་ཚོད་གཉེན་འཕྲང་ཆེ་བའི་དུས་སྐབས་དེའི་རིང་། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། རྒྱ་གར་གཞུང་གི་མཐུན་འགྱུར། མི་རབས་རྒན་པའི་བློས་གཏོང་བཅས་ལ་བརྟེན། བཙན་བྱོལ་ནང་གཞིས་ཆགས་དང་དགོན་སྡེ་ཁག་བཤད་སྒྲུབ་ཚད་ལྡན་བྱུང་བ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་པ་སླར་གསོ་བྱུང་སྟེ། དེང་སྐབས་རྒྱལ་སྤྱིའི་ཐོག་བོད་ཀྱི་ནང་ཆོས་དང་སྐད་ཡིག་ལ་དོ་སྣང་ཆེན་པོ་སླེབས་ཐུབ་པ་བྱུང་བ་འདི་ནི་དགའ་བ་དགོངས་འོས་པ་ཞིག་ཡིན་ཞེས་དང་།
ང་ཚོ་ནི་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས། བོད་ཀྱི་བདེན་དོན་འཐབ་རྩོད་དང་ལོ་རྒྱུས་ཀྱི་གནས་བབས་མཚོན་པའི་རྒྱལ་སྤྱིའི་འབྲེལ་ལམ་འཛུགས་རྒྱུ། ལྷག་པར་༧གོང་ས་མཆོག་གི་མཛད་འཕྲིན་གྱི་མཐུ་ལས། དེང་སྐབས་འཛམ་གླིང་ནང་བོད་དང་བོད་མི་ཟེར་དུས་དོ་སྣང་གནང་ས་ཞིག་དང་། ཆབ་སྲིད་ཀྱི་གནས་བབས་ཐོག་ནས་བལྟས་པ་ཡིན་ནའང་། རྒྱལ་སྤྱིའི་ཆབ་སྲིད་དབུ་ཁྲིད་སྲིད་འཛིན་དང་སྲིད་བློན། ཕྱི་སྲིད་ལས་ཁུངས་དང་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ཁག་གིས་བོད་ཀྱི་གནས་སྟངས་ཐོག་ལ་དོ་སྣང་གནང་བ་མ་ཟད།
ལྷག་པར་ཨ་རིའི་གྲོས་ཚོགས་ནང་ཁྲིམས་ཡིག་གཏན་འབེབས་དང་། ཡུ་རོབ་གྲོས་ཚོགས་ནང་གྲོས་ཆོད་བཞག་པ། རྒྱ་གར་མཚོན་པའི་རྒྱལ་ཁབ་མང་པོའི་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་ཐུབ་པ་བྱུང་ཡོད། འདི་ནི་གཞུང་འབྲེལ་གྱི་ངོས་འཛིན་ཡོད་མེད་ལ་མ་ལྟོས་པར། དོན་དུ་བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་ཐོག་དོ་སྣང་དང་རྒྱབ་སྐྱོར་བྱེད་ཡུལ་ཞིག་ཆགས་ཡོད་པ། འདས་པའི་ལོ་ངོ་༦༧ གྱི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། འདི་ནི་ང་ཚོ་ཚང་མས་སྤོབས་པ་བྱེད་འོས་པའི་གནས་སྟངས་ཤིག་ཆགས་ཡོད་ཅེས་དང་།
ང་ཚོའི་ཁ་གཏད་གཅོག་ཡུལ་ནི་རྒྱ་གཞུང་ཡིན་པ་དང་། རྒྱ་ནག་ནི་དཔལ་འབྱོར་དང་ཕྱི་སྲིད་ཀྱི་གནས་བབ་གང་གི་ཆ་ནས་ཚད་མཐོ་པོ་ཡིན་ན་ཡང་། རྒྱལ་སྤྱིའི་ཁྱོན་ལ་བོད་ཟེར་དུས་བློས་མ་བཏང་བར་མུ་མཐུད་གླེང་བཞིན་པ་ནི་གཙོ་བོ་༧གོང་ས་མཆོག་གི་མཛད་འཕྲིན་དང་། སྒྲིག་འཛུགས་ཀྱི་འགོ་ལས་ཚང་མའི་འགན་འཁུར་བཞེས་ཕྱོགས། ལྷག་པར་དུ་བོད་ནང་གི་བོད་མི་ཚོའི་བློས་གཏོང་དང་ཆོད་སེམས་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་དགའ་དགོས་པ་གཅིག་དང་། དེང་སྐབས་འཛམ་གླིང་ནང་དམག་འཁྲུག་སོགས་ཀྱིས་དོ་སྣང་འཕྲོག་བཞིན་ཡོད་ན་ཡང་། བོད་དོན་གྱིས་རྒྱལ་སྤྱིའི་ཆབ་སྲིད་དང་། ལྷག་པར་དུ་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ངོས་འཛིན་ཐུབ་ཡོད་པས མ་འོངས་པར་ཡང་དེའི་ཐོག་འགན་འཁུར་དང་འབད་བརྩོན་གནང་དགོས་པ་ཞིག་ཆགས་ཡོད་ཅེས་གསུངས་སོང་།
མི་མང་འཐུས་མི་ཚོགས་ཆེན་གྱི་ཉིན་མཐའ་མར། མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ཟེར་བ་ཞིག་གཏན་འབེབས་བྱས་པའི་ནང་དོན་ཚན་༦༥ ཡོད་པ་ལས། དོན་ཚན་༡༥ པ་ནི་སྐད་ཡིག་གི་ཐོག་ནས་ཤུགས་རྐྱེན་ཆེ་ཤོས་ཤིག་ཆགས་ཡོད་པ། དོན་ཚན་དེའི་ནང་རྒྱ་ནག་གི་སྤྱི་སྐད་གཙོ་བོར་འཛིན་དགོས་པ་དང་། སྐད་ཡིག་གཉིས་ཤན་སྦྱར་གྱི་སྒོ་བྱང་སྦྱར་དགོས་ནའང་། སྤྱི་སྐད་འབུར་དུ་ཐོན་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་དང། དེ་བཞིན་ལོ་ན་མ་སོན་པའི་བྱིས་པའི་དུས་ནས་སྤྱི་སྐད་བེད་སྤྱོད་གཏོང་བར་འགོག་རྐྱེན་བྱེད་མི་ཆོག་པ་གསལ་ཡོད་པ་དེས་བོད་ཀྱི་སྐད་ཡིག་ལ་ཤུགས་རྐྱེན་འགྲོ་རྒྱུ་གསལ་པོ་ཡིན་པ། སྐད་ཡིག་གཅེས་ཉར་བྱེད་མཁན་ལ་ཉེས་འཛུགས་བྱེད་རྒྱུའི་ལམ་ཁ་གསལ་པོ་ཆགས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་ཁྲིམས་ཡིག་དེའི་ཐོག་གླེང་སློང་ཤུགས་ཆེན་གནང་བཞིན་པས། ང་རང་ཚོ་ཐད་ཀ་འབྲེལ་བ་ཡོད་ཙང་། མ་འོངས་པར་དེའི་ཐོག་ཉམས་ཞིབ་བྱས་ནས་ཞུ་སྐུལ། རྒྱ་གཞུང་ལ་ཡང་བརྡ་ལན་སྤྲད་དགོས་གལ་ཆེན་ཆགས་ཡོད་གསུངས་སོང་།
མི་རིགས་ཤིག་གི་ངོ་བོ་ནི་དེའི་སྐད་ཡིག་ལ་ཐུག་ཡོད་པ་དང་། སྐད་ཡིག་གི་ནང་དུ་མི་རིགས་དེའི་ཆོས་དང་རིག་གཞུང་། གོམས་གཤིས་བཅས་ཚང་མ་གནས་ཡོད། གལ་ཏེ་བོད་ཀྱི་སྐད་ཡིག་འདི་བརླག་སོང་བ་ཡིན་ན། བོད་ཀྱི་ཆོས་དང་རིག་གཞུང་ཡང་རང་བཞིན་གྱིས་རྩ་བརླག་ཏུ་འགྲོ་རྒྱུ་ཡིན་པ་དང་། བོད་མི་ཟེར་བའི་ངོ་བོ་ངོས་འཛིན་བྱེད་ས་མེད་པ་ཆགས་རྒྱུ་དེ་རྒྱ་གཞུང་གིས་ཆེད་མངགས་བཟོ་བཞིན་ཡོད། བོད་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་བྱེད་རྒྱུའི་འགན་ནི་བོད་མཐོ་སྒང་ལ་སྐྱེས་པའི་བོད་མི་རེར་ཡོད་པའི་བདག་དབང་དང་ལས་འགན་གཉིས་ཀ་ཡིན་སོགས་གསུང་བཤད་གནང་སོང་།
ད་ཐེངས་གྲོས་ཚོགས་ཚོགས་དུས་༡༡ པའི་ཐོག་ཏུ་གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག་དང་། རྩིས་ལོ་༢༠༢༦།༢༧ ལོའི་སྔོན་རྩིས་ཐོག་བགྲོ་གླེང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་། རྒྱལ་རྟགས་ཀྱི་བཟོ་དབྱིབས་དང་། ཚོན་མདོག་ བོད་ཀྱི་རྒྱལ་གླུའི་གདངས་དབྱངས་རིང་ཐུང་བཅས་ཚད་མཐུན་གཅིག་གྱུར་ཡོང་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་འཛུགས་གནང་བའི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་སྙན་སྒྲོན། ༧གོང་ས་མཆོག་ནས་མང་གཙོ་དང་ཕྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་བཀའ་སློབ་ཁག་དེབ་གཟུགས་སུ་ཕྱོགས་བསྒྲིགས་དང་། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ་ཞེས་པའི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་དཔེ་དེབ་ཁ་སྐོང་རྩོམ་སྒྲིག་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་སྙན་སྒྲོན་སོགས་གནང་རྒྱུ་ཡིན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
