སྤྲུལ་སྐུའི་སྐུ་ཕུང་ནང་མིར་མ་སྤྲད་པར་མེར་སྲེག་བཏང་འདུག

ཟླ་འདིའི་ཚེས་ ༡༦ ཉིན་བོད་ནང་གི་ཞོགས་པའི་ཆུ་ཚོད་བདུན་པར་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྐུ་ཕུང་ཞུགས་འབུལ་བྱས་ཡོད་པ་དང་། སྐབས་དེར་རིན་པོ་ཆེའི་ཞལ་སློབ་གྲྭ་བཙུན་དང་། རིན་པོ་ཆེའི་སྤུན་མཆེད་སོགས་མི་གྲངས་༣༢ མ་གཏོགས་སྐུ་ཕུང་ཞུགས་འབུལ་སྐབས་མཉམ་ཞུགས་བྱེད་བཅུག་མི་འདུག

སྐུ་ཕུང་ཞུགས་འབུལ་ལ་བཅར་མཁན་གྱིས་འགྲེལ་བརྗོད་བྱས་པ་ལྟར་ན། རིན་པོ་ཆེའི་ཕྱག་སེན་དང་། ཞལ་ནག་པོ་ཆགས་ཡོད་པ་དོ་སྣང་བྱུང་བར་བརྟེན། ཁོང་ཚོས་རྒྱ་གཞུང་ནས་རིན་པོ་ཆེར་དུག་སྤྲད་ནས་བཀྲོངས་པར་དོགས་པ་བྱེད་ཀྱི་ཡོད་འདུག ཞུགས་འབུལ་སྐབས་སུ་རྒྱ་ནག་གཞུང་ནས་ཡིག་ཐོག་ལ་གནས་ཚུལ་སྒྲོགས་སྦྱང་བྱས་པའི་ནང་། རིན་པོ་ཆེ་༢༠༡༥ ལོ་ཟླ་ ༧ ཚེས་ ༡༢ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༤ པར་དགོངས་པ་རྫོགས་ལུགས་འཁོད་ཡོད་ཀྱང་། དེ་སྔོན་རྒྱ་གཞུང་གི་ལས་བྱེད་པ་ཚོས་རིན་པོ་ཆེ་ཉིན་རྒྱབ་ཆུ་ཚོད་ ༢ པར་སྐུ་གཤེགས་ལུགས་བཤད་ཡོད་པ་རེད། རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་བྱེད་སར་པུར་ཐལ་བསྡུ་རུབ་བྱེད་མཁན་མི་གཅིག་ལས། གཞན་རྣམས་རང་སར་ཕྱིར་ལོག་བཏང་ཡོད་འདུག

applicationབོད་ནང་ཡོད་པའི་རིན་པོ་ཆེ་མཆོག་གི་སྐུ་མཆེད་དང་། ཞལ་སློབ་ཚོས་རིན་པོ་ཆེའི་སྐུ་ཕུང་རྩིས་སྤྲོད་དགོས་པ་དང་། འདས་རྐྱེན་འགྲེལ་བརྗོད་གསལ་པོ་དགོས་པའི་སྐོར་ལ་དོན་ཚན་ལྔ་ཅན་གྱི་རྒྱ་ཡིག་ཐོག་ཞུ་སྙན་ཞིག་རྒྱ་ནག་གཞུང་ངམ་བཙོན་ཁང་གི་འབྲེལ་ཡོད་ལས་བྱེད་ལ་སྤྲད་ཡོད་པའི་ནང་དོན་མདོར་བསྡུས་བོད་བསྒྱུར་བྱས་པ། ༡ རྒྱ་ནག་གཞུང་གིས་ཐོག་མར་སྤྲུལ་སྐུ་སྐུ་གྲོངས་པའི་ཤི་ཚེའི་ཡིག་ཆ་སྤྲོད་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཀྱང་། རྗེས་སུ་སྤྲད་མ་སོང་།

༢ གཞུང་གིས་སྐུ་ཕུང་ནང་མིར་རྩིས་སྤྲོད་མི་ཆོག་སྐོར་བརྗོད་སོང་། དེ་ནི་གྲོངས་རྐྱེན་གང་ཡིན་གསང་བའི་ཆེད་དུ་ཡིན་པ་ལས། བཙོན་ཁང་ནས་མི་གྲོངས་ན་ཕུང་པོ་ནང་མིར་སྤྲད་མི་ཆོག་པའི་ཁྲིམས་ཡིག་གང་དུ་ཡོད་རེད།

༣ ཕུང་པོ་ཚུར་རྩིས་མ་སྤྲད་ན་ང་ཚོས་གསར་འགོད་པ་དང་། དཔྱད་ཞིབ་པས་ཞིབ་འཇུག་ཡོང་ཐབས་བྱེད་རྒྱུ་ཡིན། གལ་སྲིད་ཕུང་པོ་ཚུར་སྤྲད་ན་དཔྱད་ཞིབ་དེ་འདྲ་བྱེད་མ་དགོས་པ་བྱེད་ཆོག་ཅེས་སྤྲུལ་སྐུའི་སྤུན་མཆེད་སྒྲོལ་དཀར་ལྷ་མོས་བརྗོད།

༤ སྤྲུལ་སྐུ་གྲོངས་མ་ཐག་ང་ཚོར་ག་རེ་བྱས་ནས་རྒྱ་ནག་གིས་བཤད་མེད་པ་རེད། གྲོངས་པའི་ཆུ་ཚོད་ཀྱང་ཁ་ཤས་ཀྱིས་༢ པ་དང་ཁ་ཤས་༤ པ་རེད་ཟེར་གྱི་འདུག

༥ ཕུང་པོ་ནང་མིར་མ་སྤྲད་པར། དུས་བཀག་ནང་ཕུང་པོར་ལྟ་ཡི་མ་ཡོང་ན་མེར་སྲེག་གཏོང་རྒྱུ་ཡིན་སྐོར་ལབ་སོང་། ཁྲིམས་ག་རེའི་ནང་བཙོན་ཁང་ནས་མི་གྲོངས་པ་མེར་སྲེག་བཏང་ཆོག་གི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
གནས་ཚུལ་སྔོན་སོང་།