སྦེལ་ཇམ་དུ་ཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་མཇུག་བསྒྲིལ་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་པར།

ཉིན་གསུམ་རིང་སྦེལ་ཇམ་སྐུ་ཚབ་དོན་ཁང་དང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་སོགས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་དུ་མཇུག་བསྒྲིལ་འདུག
དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་ ༢༣ ནས་ ༢༥ བར་ཉིན་གྲངས་གསུམ་རིང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་དེ་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་དུ་འཚོགས་འདུག་པ་དང་། ཚོགས་འདུ་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ། ཡུ་རོབ་སྤྱི་འཐུས་རྣམ་པ་གཉིས། ཡུ་རོབ་གྲོས་འཐུས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཙོས་པའི་འཛམ་གླིང་རྒྱལ་ཁབ་འདྲ་མིན་ཁག་ ༤༠ ལྷག་ཙམ་ནས་གྲོས་ཚོགས་འཐུས་མི་དང་། ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ། མང་གཙོ་དོན་གཉེར་བ། རྒྱ་ནག་ཐོག་ལ་མཁས་པ། ཤེས་ཡོན་ཅན་སོགས་ཚོགས་བཅར་བ་ ༡༧༠ ཙམ་ལྷན་འཛོམས་གནང་ཡོད་འདུག ཚོགས་འདུ་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་ལ་དོ་སྣང་བྱེད་བཞིན་པ་ནི་ང་ཚོས་བོད་མི་རིགས་ཀྱིས་ངོ་བོ་སྲུང་སྐྱོབ་དང་། བོད་ཀྱི་རྩ་དོན་གསོན་པོར་གནས་ཐབས་སུ་ཁོང་རྣམ་པའི་རྒྱབ་སྐྱོར་དང་སྐུལ་འདེད་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་པ་དང་། བོད་དོན་ལ་རྒྱབ་སྐྱོར་གནང་བ་དེ་བོད་མིར་དགའ་ཞེན་རྐྱེན་པས་མིན་པར་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཏུ་ངོས་འཛིན་གནང་གིས་ཡོད་པའི་སྐོར་སོགས་འཁོད་པའི་གསུང་འཕྲིན་ཞིག་བསྩལ་འདུག་པ་དང་།  དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལྕམ་སྐུ་ཧེ་ཌི་ཧོ་ཊ་ལཱ་ (Heidi Hautala) ། ཡུ་རོབ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ།  ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཧན་སེ་གྷར་ཊི་པོ་ཊེ་རིང་(Hans-Gert Pottering)བཅས་ནས་བོད་ཀྱི་གནས་སྟངས་ངོས་འཛིན།  ཡུ་རོབ་ཀྱིས་བོད་དོན་རྒྱབ་སྐྱོར་བྱེད་ཕྱོགས། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་བཅས་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་སོགས་ངོ་སྤྲོད་གནང་བ་མ་ཟད། བོད་ཕྲུག་རྣམས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་རྒྱུའི་སྲིད་བྱུས་སྐོར་སོགས་འགྲེལ་བརྗོད་གནང་འདུག གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བཀའ་ཤག་སྐབས་བཅུ་དྲུག་པའི་འདས་དུས་ཀྱི་ཕྱག་ལས་གང་གནང་བ་དང་མ་འོངས་ཀྱི་ཕུགས་དམིགས་ཡིག་ཆའི་སྐོར་སྙིང་བསྡུས་སོགས་གསུངས་འདུག་པ་དང་།

བོད་མིའི་སྒྲིག་འཛུགས་ཀྱི་པར།

སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་ཆེད་རྒྱལ་སྤྱིའི་སྟེང་བོད་དོན་གླེང་སློང་དགོས་གལ་ཆེ་བ་དང་། བོད་མིའི་དཀའ་ངལ་སེལ་ཆེད་བོད་དོན་ཞུ་གཏུག་པ་དང་རྒྱབ་སྐྱོར་ཚོགས་པའི་ལས་འགན་སྐོར། དེ་བཞིན་བོད་རྒྱའི་དཀའ་རྙོག་ནི་རྒྱལ་སྤྱིའི་དཀའ་རྙོག་ཞིག་ཆགས་ཡོད་སྟབས། མི་མང་ནས་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་ཞུས་ཡོད་འདུག ཐེངས་འདིའི་ཚོགས་འདུའི་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱལ་ཁབ་ཁག་གི་གཞུང་དང་། ཆབ་སྲིད་མི་སྣ། བསམ་མཛོད་ལྟེ་གནས་ཁང་། ཤེས་ཡོན་ཅན། གསར་འགྱུར་བརྒྱུད་ལམ། གཞི་རིམ་མང་ཚོགས་བཅས་ཀྱི་ཆབ་སྲིད་རྒྱབ་སྐྱོར་ཐོབ་ཐབས་སུ་གྲོས་བསྡུར་དང་ལས་དོན་འཆར་གཞི་འགོད་རྒྱུ། རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་རིག་གཞུང་རྩ་མེད་དུ་གཏོང་བའི་སྲིད་བྱུས་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་གཏན་འཇགས་སློབ་གྲྭའི་སྐོར་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས། ཁོར་ཡུག་གཏོར་ཤིག ལྟ་སྲུང་དམ་དྲག་དང་གནས་ཚུལ་སྟངས་འཛིན་སོགས་དང་། སྡེ་ཚན་ཆ་བགོས་ཀྱིས་བརྗོད་གཞི་སོ་སོའི་ཐོག་གྲོས་བསྡུར་དང་བསམ་ཚུལ་བརྗེ་རེས། མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་འཆར་གཞི་གཏན་འབེབ་གནང་བ་བཅས་རེད་འདུག ཚོགས་ཆེན་འདི་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་༢༠༢༡ ནས་འཛམ་གླིང་ཡུལ་གྲུ་ཁག་གི་གཞོན་སྐྱེས་རྣམས་བོད་དོན་ཞུ་གཏུག་ཐོག་ངོ་སྤྲོད་དང་། ལས་འགུལ་སྤེལ་ཆེད་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་དབུ་འཛུགས་གནང་འདུག་པ་དང་། སྐབས་འབབ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནང་འཛམ་གླིང་གི་རྒྱལ་ཁབ་ ༡༨ ནས་ཚོགས་མི་ ༥༢༡ ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་པར།

ཉེ་ཆར་རྒྱ་གཞུང་གིས་ཆུ་མཛོད་རྒྱག་རྒྱུའི་ཆེད་དུ་ཁམས་སྡེ་དགེ་དབོན་སྟོད་ཕྱོགས་ཀྱི་ཡུལ་མི་རྣམས་གནས་སྤོ་དགོས་པའི་བཙན་བཀའ་ཕབ་རྗེས་ཡུལ་མི་སྐྱ་སེར་མང་པོ་ཞིག་གིས་རང་གནས་སུ་འཇོག་རྒྱུའི་ཞུ་འབོད་བྱས་ཡོད་པ་དང་། སྐབས་དེར་མི་སྟོང་ལྷག་འཇུ་བཟུང་བྱས་ཡོད་སྐད་འདུག་པས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་གྱི་ཚོགས་བཅར་བ་ལྷན་འདུས་ཀྱིས་རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་རིག་གཞུང་གཏོར་བཤིག་དང་བོད་མིར་དྲག་གནོན་བྱས་པར་ངོ་རྒོལ་དང་། དེ་བཞིན་འཇུ་བཟུང་བྱས་པའི་མི་དག་འཕྲལ་དུ་གློད་བཀྲོལ་དགོས་པ་སོགས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག


གསར་འགོད་པ། བསྟན་འཛིན་ལམ་བཟང་།