སྦེལ་རྗམ་གཞུང་ལ་བོད་མིའི་སྐྱབས་བཅོལ་གནས་བབས་ཡག་པོ་ངོ་འཕྲོད་མི་འདུག
དེ་རིང་ནི་ཕྱི་ཟླ་༤ པའི་ཚེས་༣ རེས་གཟའ་པ་སངས་ཡིན་པ་དང་། ཟླ་གཅིག་ལྷག་གི་སྔོན་ནས་ལས་རིན་བསྒྲིགས་པའི་སྦེལ་ལྗམ་སྐྱབས་བཅོལ་ལྷན་ཁང་གི་དྲུང་ཆེ་ཐེ་ཨོ་ཧྥ་རན་ཁེན་(Theo Francken) ལ་མཇལ་འཕྲད་ཀྱི་དུས་ཆད་དང་ཁེལ་ཡོད་པས། ང་དང་ང་ཚོ་སྦེལ་ལྗམ་དུ་སྐྱབས་བཅོལ་ཡིག་ཆེའི་ཐད་དཀའ་ངལ་འཕྲད་བཞིན་པའི་མི་མང་གི་འཐུས་མིའི་རྒྱུན་ལས་ཀྱི་ཚོགས་གཙོ་ཟུར་པ་སྨོན་ལམ་གྲགས་པ་དང་། ཚོགས་གཞོན་ལས་ཚབ་ཀུན་དགའ། དེ་མིན་དྲུང་ཆེ་ཐེ་ཨོ་ཧྥ་རན་ཁེན་ལགས་སུ་འབྲེལ་མཐུད་ཀྱི་རོགས་པ་གནང་མཁན་ཨ་ཅག་གཡང་འདུས་མཚོ་དང་། ཁོ་མོའི་གྲོགས་མོ་གནས་ཡུལ་ལུང་པའི་མི་སེར་ཡིན་པ་གཅིག་བཅས་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཏག་ཏག་ལ་དྲུང་ཆེའི་ལས་ཁང་དུ་ཕྱིན་པ་ཡིན།
ཁོང་གི་ལས་ཁང་ནི་རྒྱལ་ས་བྷུ་རུ་ཟལ་གྱི་ཨག་ལོ་ཝ་ཞེས་པའི་ས་ཚུགས་སུ་ཡོད་པ་དང་། ས་ཚུགས་དེར་སྦེལ་ལྗམ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་གལ་ཆེའི་ལས་ཁུངས་ཁག་ཧ་ཅང་མང་པོ་རྟེན་གཞི་བྱེད་ས་དང་། ང་ཚོ་བོད་མིའི་སྐུ་ཚབ་དོན་གཅོད་ཀྱང་དེར་ཡོད་པ་རེད།
ང་ཚོ་ལས་ཁུངས་སུ་འབྱོར་བ་དང་སྣེ་ལེན་པའི་ངག་བཀོད་ལྟར་ཐོག་ཁང་གཉིས་པའི་མཇལ་འཕྲད་ཁང་ནས་བསྡད། ཅུང་མ་འགོར་བར་དྲུང་ཆེ་དང་ལས་རོགས་སྐྱབས་བཅོལ་ལྷན་ཁང་གི་ལས་བྱེད་པ་གཅིག་བཅས་འབྱོར་བྱུང་བར། ཚང་མས་ཕན་ཚུན་འཚམས་འདྲི་དང་ངོ་སྤྲོད་བྱས་པ་ཡིན། ང་ཚོ་བོད་མིའི་ལུགས་སྲོལ་ལྟར་ཁ་བཏག་རིང་པོ་ཞིག་དྲུང་ཆེ་ལ་ཕུལ་བ་དང་། ཁོང་གིས་འཛུམ་མདངས་ངོམ་བཞིན་དགའ་སྤྲོ་བྱུང་བའི་རྣམ་འགྱུར་དང་བཅས་ཐུགས་རྗེ་གསུངས་བྱུང་།
ང་ཚོ་སོ་སོའི་འདུག་སྟེགས་སུ་འཁོད་པ་དང་། གཡང་འདུས་མཚོས་ང་ཚོའི་མཇལ་འཕྲད་ངོ་སྤྲོད་དང་འབྲེལ་ང་ཚོར་མཇལ་འཕྲད་ཀྱི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དྲུང་ཆེས་ཀྱང་ཁྱེད་རང་ཚོ་བོད་པའི་གནས་ཚུལ་སྐོར་ཤེས་འདོད་ཡོད་པ་དང་། མཇལ་འཕྲད་བྱུང་བས་དགའ་པོ་བྱུང་ཞེས་གསུངས་བྱུང་།
ཁོང་གི་རྣམ་འགྱུར་ནི་ཧ་ཅང་ཞི་ཞིང་དུལ་བ་ཞིག་རེད་ལ། གཟབ་ནན་གྱིས་ང་ཚོའི་གདོང་ལ་ལྟ་བཞིན་ང་ཚོས་སྐད་ཆ་ཅི་ཞིག་བཤད་མིན་ལ་བསྒུགས་ནས་བཞུགས་སོང་། ང་ཚོས་སྔར་ནས་གྲ་སྒྲིགས་བྱས་ཡོད་པའི་ཡིག་ཐོག་གི་སྙན་ཞུ་ཡར་ཕུལ་བ་དང་། ངག་ཐོག་ནས་བོད་མིའི་གནས་བབ་སྤྱི་ངོ་སྤྲོད་ཐུང་ཐུང་ཞིག་དང་འབྲེལ་སྦེལ་ལྗམ་དུ་སྐྱབས་འཚོལ་བ་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་བརྗོད་པ་ཡིན། ང་ཚོས་ང་ཚོ་སྦེལ་ལྗམ་ལ་སྐྱབས་བཅོལ་དུ་ཡོང་དགོས་པའི་རྒྱུན་རྐྱེན་ངོ་མ་དེ་སོ་སོ་ལུང་པ་རྒྱ་ནག་གིས་བཙན་དབང་དུ་ཤོར་ཏེ་ད་ལྟ་བོད་མི་ཚོར་སོ་སོའི་ལུང་པའི་བདག་དབང་མེད་པའི་དཀའ་ངལ་འོག འགྲོ་ས་སྡོད་སའི་གནས་ཤིག་མེད་པར་བརྟེན་དཀའ་སྡུག་མང་པོ་བརྒྱུད་ནས་རང་དབང་གི་ལུང་པ་ཞིག་ཏུ་སྐྱབས་བཅོལ་དུ་ཡོང་པ་ཞིག་ཡིན་ནའང་། འདི་ནས་སྦེལ་ལྗམ་དུ་སྐྱབས་བཅོལ་ཡིག་ཆ་མ་རག་པའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར། ང་ཚོར་སྐྱབས་བཅོལ་ཡིག་ཆ་མ་རག་ན་རྒྱལ་ཁབ་གཞན་པའི་མི་སེར་ལྟར་ཕར་གཏོང་ས་དང་ཕུད་ས་གང་ཡང་མེད་པས་མ་ཚད། སོ་སོའི་ངོས་ནས་འདི་ལྟར་བར་མ་དོ་ཞིག་ཏུ་ཅི་ཡིན་མེད་པར་སྡོད་རྒྱུར་འདོད་པ་མེད་པ་དང་། སོ་སོའི་མི་ཚེའི་འགྲོ་སྟངས་དང་། སྤྱི་ཚོགས་དང་སོ་སོའི་ལུང་པའི་ཆེད་དུ་ཅིག་བྱེད་འདོད་ཡོད་ནའང་། དེ་ལྟར་བྱེད་རྒྱུར་ནུས་པ་དང་ཐབས་ལམ་ཡིག་ཆའི་ཆ་རྐྱེན་གང་ཡང་མེད་པའི་དཀའ་ངལ་གྱི་གནས་སྟངས་ཞིབ་ཕྲ་སྙན་གསན་ཞུས་པ་ཡིན་ལ། གནས་སྟངས་དེའི་འོག་ནས་ང་ཚོའི་དཀའ་ངལ་གྱི་དངོས་ཡོད་གནས་ཚུལ་གཞི་ལ་བཞག་པའི་ཐོག་ནས་སྐྱབས་བཅོལ་ཞིག་གནང་རྒྱུར་མཐུན་འགྱུར་དང་རྒྱབ་སྐྱོར་གནང་རོགས་ཞེས་ཞུས་པ་ཡིན།
ཁོང་གིས་ང་ཚོའི་བདེ་སྡུག་སྙན་གསན་གང་ཞུས་ལ་ཐུགས་སྣང་ཆེན་པོས་གསན་པས་མ་ཚད། ང་ཚོས་འགྲེལ་བཤད་བྱས་པའི་གནས་ཚུལ་མང་པོ་ཞིག་གི་ཐོག་ལ་སེམས་ཁུར་ཡོད་པའི་རྣམ་འགྱུར་ཡང་སྟོན་གྱི་འདུག ཡིན་ནའང་། ཁོང་གིས་འདས་པའི་ལོ་གཅིག་ལྷག་གི་རིང་ལ་བོད་མི་ཚོར་སྐྱབས་བཅོལ་བརྒྱ་ཆ་སུམ་བཅུ་ལྷག་ཙམ་ལས་མ་རག་པའི་རྒྱུ་མཚན་འགྲེལ་བཤད་གནང་སྐབས། གཙོ་བོ་རྒྱ་གར་ནང་བོད་མིར་སྲུང་སྐྱོབ་ཡོད་པ་ཞིག་དང་། དེ་བཞིན་བོད་མི་ཚོ་སྐྱབས་བཅོལ་གཉིས་པ་ཞིག་ཡིན་པའི་སྐོར་ལ་འགྲེལ་བཤད་གནང་གི་འདུག དེ་ལ་ང་ཚོའི་ངོས་ནས་ཡང་བསྐྱར་སྐབས་བབ་ཀྱི་འགྲེལ་བཤད་ཞུས་པར་ཁོང་གིས་སེམས་ཚོར་ཆེན་པོས། ཁྱེད་རང་ཚོའི་དཀའ་ངལ་ཚོར་ཐུབ་ཀྱི་འདུག་གསུངས་བྱུང་། མ་ཚད་ཁོང་གིས་ང་ཚོས་གང་ཞུས་པའི་གནས་ཚུལ་རྣམས་སྐྱབས་བཅོལ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཞེས་གསུངས་བྱུང་།
ཁོང་གིས་གསུང་བཤད་གནང་སྐབས་གནད་དོན་གང་ཡིན་ཐད་གར་གསལ་པོར་གོ་བརྡ་སྤྲོད་ཐབས་བྱེད་པ་དང་གཙོ་བོ་སྐྱབས་བཅོལ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་སྐད་ཆར་རྩ་འཛིན་བྱེད་ཀྱི་འདུག་ལ། སྦེལ་ལྗམ་སྐྱབས་བཅོལ་ལྷན་ཁང་ནི་རྦད་དེ་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན་པ་ཡང་ནན་བཤད་གནང་སོང་།
ཁོང་གིས་བོད་མི་ཚོར་ལྟ་སྟངས་ཡག་པོ་ཡོད་པའི་རྣམ་འགྱུར་སྟོན་པས་མ་ཚད། སྦེལ་ལྗམ་གྲོས་ཚོགས་སུ་ཡང་བོད་མིར་དགའ་མཁན་མང་པོ་ཡོད་སྐོར་ཡང་བཤད་བྱུང་། ཁོང་གིས་སྦེལ་ལྗམ་དུ་བོད་མི་ག་ཚོད་ཡོད་པ་དང་། འཚོ་བ་སྐྱེལ་སྟངས་གང་འདྲ་ཡིན་པ། ད་ལྟ་ཡིག་ཆ་མ་རག་པའི་བོད་མི་ཚོས་གང་བྱེད་ཀྱི་ཡོད་མེད་སྐོར་དྲི་བ་གནང་གི་འདུག ཁོང་གིས་སྦེལ་ལྗམ་ནི་ཨ་རི་དང་ཁེ་ན་ཌ་སོགས་དང་གཏན་ནས་མི་འདྲ་བར། ས་རྒྱ་ཆུང་བ་དང་མི་མང་བ་སོགས་ཀྱི་དཀའ་ངལ་འོག སྐྱབས་བཅོལ་མང་པོ་བླངས་པ་ཡིན་ན་ཨ་ཧྥི་རི་ཀ་བ་སོགས་ཚང་མ་ཡོང་རྒྱུ་ཡིན་པས། དེ་ནས་ལུང་པའི་ནང་ཕྱོགས་ཡོངས་ནས་དཀའ་ངལ་འཕྲད་རྒྱུ་རེད་ཅེས་གསུངས་པར་བལྟས་ན། ཁོང་གིས་ང་ཚོ་བོད་མི་སྐྱབས་བཅོལ་བ་ཡང་ཁྲི་སྟོང་མང་པོ་ཞིག་ཡོད་པའི་ཚོར་སྣང་མེད་དམ་སྙམ་པ་ཞིག་འདུག
ངའི་ཚོར་སྣང་ལ་ཁོང་མི་སྒེར་ཀྱི་ངོས་ནས་བོད་མི་ཚོར་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་པ་ལྟར་འདུག་ནའང་། བོད་མིའི་གནས་བབ་སྤྱི་དང་སྦེལ་ལྗམ་དུ་སྐྱབས་བཅོལ་དུ་འབྱོར་བའི་བོད་མི་ཚོའི་གནས་སྟངས་ཐད་རྒྱུས་ལོན་མི་འདུག་སྙམ་པ་བྱུང་། མ་གཞི་ནས་སྦེལ་ལྗམ་དུ་ཡོད་པའི་བོད་མི་ཚོ་ནི་མི་རིགས་དང་རྒྱལ་ཁབ་གཞན་པའི་སྐྱབས་བཅོལ་བ་ཚོ་ལས་གྲངས་ཀ་ཧ་ཅང་ཉུང་བ་དང་། ཀུན་སྤྱོད་ཀྱི་ཆ་ནས་ཀྱང་ཏོག་ཙམ་བཟང་པོ་ཡོད་པར་བརྟེན། སྦེལ་ལྗམ་མི་མང་དང་འབྲེལ་ཡོད་སྐྱབས་བཅོལ་སྣེ་ལེན་ཁང་སོགས་ནས་ལྟ་སྟངས་ཡག་པོ་ཡོད་པ་རེད།
གང་ལྟར་ང་ཚོས་ཆུ་ཚོད་སྐར་མ་༤༠ ཙམ་གྱི་རིང་ལ་སོ་སོའི་སེམས་ཀྱི་ཚོར་བ་དང་དཀའ་ངལ་ཁོང་ལ་གང་ཐུབ་ཐུབ་ཀྱིས་ཞུས་པ་ཡིན་ལ། ཁོང་གིས་ཀྱང་ཐུགས་སྣང་ཆེན་པོས་གསན་པ་དང་། དོགས་འདྲི་དང་བཀའ་ལན་ཡང་ཁ་གསལ་པོ་གནང་བྱུང་། མཐར་ང་ཚོ་ལྷན་དུ་འདྲ་པར་ཞིག་བླངས་རྗེས་ཕན་ཚུལ་མཇུག་མཐའི་ཐུགས་རྗེ་ཆེ་ཞུས་སྟེ་ལོག་ཡོང་བ་ཡིན། ང་ཚོ་ལས་ཁང་སྒོ་ཁར་སླེབས་སྐབས་དེར་བལ་བོའི་མི་སྣ་ཁག་ཅིག་ཀྱང་ཁོང་ལ་ཐུག་འཕྲད་དུ་འབྱོར་འདུག །
དེ་ནས་ང་ཚོ་ལམ་ཞོར་ནས་བོད་མིའི་སྐུ་ཚབ་དོན་གཅོད་དུ་བཅར་སྟེ། དེ་རིང་གི་མཇལ་འཕྲད་ཀྱི་གནས་ཚུལ་རྣམས་སྙན་གསན་ཞུས་པ་ཡིན། མ་གཞི་ནས་ང་ཚོས་མཇལ་འཕྲད་མ་བྱས་སྔོན་ནས་དོན་གཅོད་ལ་སྙན་གསན་ཞུས་པས་མ་ཚད། ལམ་སྟོན་བཀའ་སློབ་ཞུས་པ་དང་། ང་ཚོའི་སྙན་ཞུའི་ཐོག་ལ་ཡང་དགོངས་ཚུལ་དང་བཟོ་བཅོས་གནང་རོགས་གནང་ཡོད་པ་རེད་ལ། དོན་གཅོད་ཀྱི་ངོ་ནས་ང་ཚོ་བརྒྱུད་ཁོང་ལ་ཡི་གེ་ཞིག་ཀྱང་བསྐུར་སོང་།
ང་ཚོ་སྦེལ་ལྗམ་དུ་བོད་མི་མང་པོ་ཞིག་ལ་སྐྱབས་བཅོལ་མ་རག་པའི་དཀའ་ངལ་འཕྲད་པ་ནས་མི་མང་གི་འཐུས་མིའི་རྒྱུན་ལས་རྣམས་ཀྱིས་བཀའ་སྤྱི་གཉིས་དང་། སྐུ་ཚབ་དོན་གཅོད། ཡོ་རོབ་སྤྱི་འཐུས་སོགས་འབྲེལ་ཡོད་ཁག་ལ་ཞུ་གཏུག་བྱས་པ་དང་། སྦེལ་ལྗམ་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་སྡེ་ཚན་དང་། དེ་བཞིན་རྒྱལ་སྤྱི་དང་སྦེལ་ལྗམ་རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཚོགས་པ་མང་པོ་ཞིག་ལ་ཞུ་གཏུག་བྱས་པ་ཡིན་ནའང་། དེ་རིང་ནི་སྦེལ་ལྗམ་སྐྱབས་བཅོལ་ལྷན་ཁང་གི་དྲུང་ཆེ་དང་ཐད་གར་ཞུ་གཏུག་བྱ་རྒྱུ་བྱུང་བས་ཞུ་གཏུག་སྔོན་མ་ཚོ་ལས་ཡག་པོ་བྱུང་བའི་ཚོར་སྣང་ཞིག་ཀྱང་སྐྱེས་བྱུང་།
ང་ཚོས་ས་གནས་སུ་སྐྱབས་བཅོལ་ཡིག་ཆའི་དཀའ་ངལ་ཐད་ཞུ་གཏུག་རིམ་པར་བྱས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བཀའ་བློན། སྤྱི་འཐུས། དོན་གཅོད་བཅས་ཀྱིས་སྔ་བར་ཕྱི་གསུམ་དུ་ཞུ་གཏུག་དང་རེ་སྐུལ་མང་པོ་ཞུས་ཡོད་ནའང་། དེ་རིང་ང་ཚོས་དངོས་སུ་མཐོང་བའི་ཚོར་སྣང་ནི། ད་དུང་སྐྱབས་བཅོལ་ལྷན་ཁང་དུ་བོད་མིའི་གནས་བབས་ངོ་མ་ཞིག་ངོ་སྤྲོད་བྱེད་ཐུབ་མེད་པའི་ཚོར་བ་བྱུང་ལ། སྦེལ་ལྗམ་མཐོ་རིམ་མི་སྣའི་མིག་ནང་བོད་མི་ཚོས་ཀུན་སྤྱོད་ངན་པའིབག་ཆགས་ཤིག་བཞག་མེད་པར་བརྟེན། ད་དུང་ཡང་ཞུ་གཏུག་གི་ལས་རིམ་རྒྱ་ཆེ་ཙམ་ཞིག་ཡང་ནས་ཡང་དུ་བྱེད་ཐུབ་ན་སྐྱབས་བཅོལ་ཡིག་ཆའི་གནས་ཚུལ་ཙམ་མ་ཡིན་པར། བོད་མིའི་གནས་བབ་དང་འབྲེལ་བའི་རྩ་དོན་ཐོག་ལ་ཡང་ཕན་ཐོགས་ཆེན་པོ་ཡོང་ཐུབ་པའི་རེ་བ་བྱེད་ཆོག་པ་མཐོང་། །
ནགས་ཕྲན་པ་བསོད་ནམས་ཚེ་རིང་ནས་༢༠༡༥ཟླ་ ༤ ཚེས་ ༣ ཉིན་བྲིས།