སྦེལ་ལྗམ་དུ་རྣམ་པ་འདྲ་མིན་སྒོ་ནས་སྐུའི་འཁྲུངས་སྐར་སྲུང་བརྩི།

ཟླ་འདིའི་ཚེས་༦ ཉིན་སྦེལ་ལྗམ་ཆོས་རིག་འཛིན་སྐྱོང་ཁང་གིས་༸རྒྱལ་བ་རིན་པོ་ཆེའི་སྐུའི་འཁྲུང་སྐར་བསྲུང་རྩི་དང་། སྦེལ་ལྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་བཙུགས་ནས་ལོ་༧ འཁོར་བའི་དུས་དྲན་སྲུང་བརྩི་བྱས་སོང་།

45866ཆོས་རིག་འཛིན་སྐྱོང་ཁང་གིས་སྦེལ་ལྗམ་གྱི་བོད་མིའི་འདུས་སྡོད་ཆེ་བའི་ས་གནས་ཁག་གསུམ་དུ་བཙུགས་པའི་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་བོད་མིའི་སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་གཞས་སྣ་འཁྲབ་སྟོན་གྱི་འགྲན་སྡུར་དང་། གླུ་གཞས་སྣ་ཚོགས་གྲ་སྒྲིག་བྱས་འདུག་པ་མ་ཟད། ཕ་སྐད་གཙང་མའི་འགྲན་སྡུར་ཐེངས་གསུམ་པ་ཞེས་པ་ཞིག་ཀྱང་ཉིན་མོ་དེར་སྤེལ་ཏེ། བོད་ཀྱི་སློབ་ཕྲུག་རྣམས་དང་མི་མང་བཅས་ལ་རྒྱུན་སྤྱོད་ཐ་སྙད་གསར་པའི་རིགས་ཀྱི་གོ་རྟོགས་སྤེལ་ཐབས་ཀྱི་བྱ་འགུལ་ཡང་སྤེལ་སོང་། སྦེལ་ལྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་སྦེལ་ལྗམ་བོད་ཀྱི་བྱིས་པ་རྣམས་ལ་བོད་ཀྱི་ཆོས་དང་རིག་གནས་ཀྱི་ཐད་ནས་བག་ཆགས་བཟང་པོ་འཇོག་ཐུབ་ཀྱི་ཡོད་པར་བརྟེན། བུ་ཕྲུག་ཡོད་པའི་ཕ་མ་དང་། མི་མང་སྤྱི་ཡོངས་ཀྱིས་རེ་ལྟོས་བྱེད་ས་ཞིག་ཡིན་ཞེས་ཀྱང་བཤད་མཁན་འདུག

སྐུའི་འཁྲུང་སྐར་ཉིན་མོ་འདིར་སྦེལ་ལྗམ་དུ་གནས་སྡོད་བོད་ཀྱི་སློབ་ཕྲུག་རྣམས་དང་དེ་འབྲེལ་ཕ་མས་གཙོས་པའི་བོད་མི་ལྔ་བརྒྱ་ལྷག་འདུ་འཛོམས་བྱུང་འདུག སྤྱིར་བཏང་འདི་ལོ་འཛམ་གླིང་ས་ཕྱོགས་གང་ས་ནས་བོད་མི་རྣམས་ཀྱིས་གཅིག་གྱུར་ཀྱིས་༸རྒྱལ་བ་རིན་པོ་ཆེའི་སྐུའི་གྱ་སྟོན་སྲུང་རྩི་ཧ་ཅང་གྲ་རྒྱས་པོ་བྱས་ཡོད་པ་དང་། སྦེལ་ལྗམ་དུ་ཡང་མདོ་སྨད་ཚོགས་པ་དང་ས་གནས་གཞོན་ནུ་ཚོགས་པ། བོད་རིགས་ཚོགས་པ་བཅས་ཀྱིས་སོ་སོའི་ལོ་རེའི་འཆར་ཅན་འཁྲུངས་སྐར་སྲུང་བརྩི་བྱེད་སྲོལ་ལྟར་སྔ་གཞུག་ཏུ་སྐུའི་གྱ་སྟོན་སྲུང་བརྩི་བྱས་ཡོད་པ་རེད། ཡིན་ནའང་། སྐུའི་གྱ་སྟོན་ནམ་འཁྲུངས་སྐར་སྲུང་བརྩི་རང་གི་ཆེད་དུ་སྦེལ་ལྗམ་བོད་མི་སྤྱི་ལ་ཁྱབ་ཐུབ་པའི་མཛད་སྒོ་གོ་སྒྲིག་བྱེད་མཁན་ཞིག་མེད་པར་བརྟེན། མི་མང་རྣམས་ཀྱང་སོ་སོ་སྟབས་གང་བདེ་ལྟར་ཚོགས་པ་ཁག་གི་ལས་རིམ་ལ་མཉམ་ཞུགས་བྱེད་བཞིན་ཡོད་པ་རེད།

སྦེལ་ལྗམ་དུ་སྔར་ནས་སྲོལ་རྒྱུན་ལྟར་གྱུར་བའི་སྐུའི་འཁྲུངས་སྐར་གྱིས་གཙོས་པའི་དུས་དྲན་མང་ཆེ་བར་མཚན་ཚོགས་བསྡུ་སྐོང་བྱེད་ཀྱི་ཡོད་པ་དང་། མཚན་ཚོགས་རེར་ཟས་དོད་ཙམ་གྱི་ཆེད་དུ་ཡོ་སྐོར་༡༥ ནས་ ༢༠ བར་ཀྱི་འཛིན་བྱང་ཉོ་དགོས་ཡོད་པ་རེད། དེ་ལྟར་༸རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་སོགས་ཀྱི་ཆེད་དུ་བསྡུ་བསྐོང་བྱས་པའི་མཚན་ཚོགས་དེ་ཚོ་ཕྱོགས་གཞན་ཞིག་ནས་ཚོགས་པ་སོ་སོའི་ཡོངས་སྒོ་གསོག་ཐབས་ཤིག་ཡིན་པར་བརྟེན། མཚན་གང་ལ་སྦུ་ཆང་དང་ཨ་རག་སོགས་བཏུང་བྱའི་རིགས་མང་པོ་རིན་གོང་ཆེ་ཙམ་གྱི་བྱས་ནས་བཙོང་གི་ཡོད་པ་རེད། །

ས་གནས་གསར་འགོད་པ་བཀྲ་ཤིས་བདེ་ལེགས།