སྨན་པ་རྗེ་བཙུན་འཆི་མེད་ནས་ཏོག་དབྱིབས་ནད་དུག་གི་ནད་རྟགས་ཐོན་པའི་ནད་པ་མི་གྲངས་ལྔ་བཅུ་ལྷག་ལ་རིམས་ནད་གསོ་བཅོས་གནང་འདུག
འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་རིམས་ཀྱི་འཐབ་ས་མདུན་མར་བློས་གཏོང་ཆེན་པའི་ཐོག་ནས་ཉིན་མཚན་ལྟོས་མེད་ཀྱིས་འབད་བརྩོན་གནང་མཁན་སྨན་པ་དང་སྨན་ཞབས་པ། ཉེན་རྟོག་པ། འཕྲོད་བསྟེན་ལས་མི་སོགས་ལ་མི་མང་གིས་ཏོག་དབྱིབས་ནད་རིམས་ལ་འཐབ་རྒོལ་བྱེད་མཁན་གྱི་དཔའ་བོ་དང་དཔའ་མོ་ཞེས་བརྩེ་བའི་ཐོག་ནས་མཚན་འབོད་གནང་བཞིན་ཡོད་པ་ལྟར། བོད་མིའི་སྤྱི་ཚོགས་ནང་ནས་ཡང་ལས་དོན་དེ་རིགས་ལ་གཉེར་མཁན་མང་པོ་ཞིག་ཡོད་པ་རེད།
ནུབ་ཕྱོགས་རྒྱལ་ཁབ་ཨ་རི་དང་ཡུ་རོབ་སོགས་ཀྱི་ནང་དུ་བོད་མི་ཏོག་དབྱིབས་ནད་དུག་འཕོག་མཁན་མི་ཉུང་བ་ཞིག་ཡོད་པ་དང་། བོད་ཀྱི་གསོ་རིག་སྨན་པ་ཁག་ཅིག་གིས་ནད་པ་དེ་དག་ལ་བོད་སྨན་བཏང་ནས་གསོ་བཅོས་བྱུང་བའི་གནས་ཚུལ་ཡང་མི་ཉུང་བ་ཞིག་བྱུང་ཡོད་འདུག སྨན་པ་དེ་དག་གི་ཁོངས་ནས་ཨ་རི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྗེ་བཙུན་ཀུན་ཕན་གླིང་གི་སྤྱི་ཁྱབ་འགན་འཛིན་སྨན་པ་རྗེ་བཙུན་འཆི་མེད་ལགས་ཀྱིས། ཛ་དྲག་གི་དུས་སྐབས་འདིར་བློས་གཏོང་ཆེན་པོས་ཟླ་བ་གཅིག་ནང་ནད་པའི་སྒོ་འགྲམ་དུ་སྨན་བསྐྱལ་བར་ཐེངས་༥༥ ལྷག་ཕེབས་ཡོད་ཁར། དམིགས་བསལ་ནད་པ་རྣམས་ལ་སྨན་རིན་མེད་གནང་བ་མ་ཟད། ཁོང་གིས་ཏོག་དབྱིབས་ནད་དུག་གི་ནད་རྟགས་ཐོན་མཁན་ནད་པ་༥༠ ལྷག་བོད་སྨན་ལ་བསྟེན་ནས་གསོ་བཅོས་བྱེད་ཐུབ་པ་བྱུང་འདུག་པས། ཐེངས་འདིར་ཏོག་དབྱིབས་ནད་དུག་ལ་འཐབ་རྒོལ་བྱེད་མཁན་དཔའ་མོ་སྨན་པ་རྗེ་བཙུན་འཆི་མེད་ལགས་སུ། ཁོང་གིས་ཏོག་དབྱིབས་ནད་རིམས་ལ་འཐབ་རྒོལ་གནང་ཚུལ་སྐོར་བཅར་འདྲི་གནང་བ་ཡིན།
དྲི་བ་དང་པོ། ཁྱེད་རང་གི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས།
ལན། གུས་མོའི་མིང་ལ་རྗེ་བཙུན་འཆི་མེད་ཟེར་ཞིང་ཕ་དམ་པ་སྒང་དཀར་ཨེམ་རྗེ་དངོས་གྲུབ་ཚེ་རིང་ལགས་དང་།མ་ཞིང་རིའི་དགོན་ཏ་སྐལ་བཟང་སྒྲོལ་དཀར་ལགས་གཉིས་སུ་སྐྱེས།རང་ལོ་༤སྐབས་གསང་སྔགས་རྙིང་མའི་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གིས་ལ་སྟོད་བྲག་དཀར་རྗེ་བཙུན་སྐུ་ཞབས་བསྟན་འཛིན་སྒྲོལ་མ་མཆོག་གི་ཡང་སྲིད་དུ་ངོས་འཛིན་བྱས་མྱོང་ལ། གུས་མོའི་ནང་མི་ནི་སྟོད་དིང་རི་སྒང་དཀར་ཨེམ་རྗེ་ཞེས་མི་ཐོགས་བརྒྱད་ལྷག་གི་ལོ་རྒྱུས་ཡོད་པའི་སྨན་པའི་བརྒྱུད་པ་ཞིག་ཡིན།
ཕྱི་ལོ་༡༩༩༢ལོར་བཞུགས་སྒར་རྡ་རམ་ས་ལའི་དབུས་བོད་ཀྱི་སྨན་རྩིས་ཁང་དུ་འཛུལ་ཞུགས་མཐར་ཕྱིན་གྲུབ་རྗེས། བལ་ཡུལ་མཆོད་རྟེན་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དང་། ལྷོ་ཨ་མི་རི་ཀའི་བྷེ་རེལ་ཛེལ་རྒྱལ་ཁབ། དེ་བཞིན་རྒྱ་གར་བྱང་ཤར་སི་ལུ་སྒུ་རི་སོགས་སུ་གཞུང་འབྲེལ་བོད་ཀྱི་སྨན་རྩིས་ཁང་གི་བརྟག་དཔྱད་སྨན་པའི་ལས་ཀ་ལོ་ལྔ་བྱས་པ་དང་། ཕྱི་ལོ་༢༠༠༤་ལོར་ཨ་རི་ནིའུ་ཡོག་ཏུ་གནས་སྤོས་ཀྱིས་བོད་དང་ཧི་མ་ལ་ཡའི་མི་རིགས་འདྲ་མིན་ལ་བོད་ཀྱི་གསོ་བ་རིག་པའི་སྒོ་ནས་རྩ་ཆུ་བརྟག་ཐབས་དང་འབྲེལ་ཏེ་གསོ་བཅོས་བྱེད་དང་བྱེད་བཞིན་ཡོད།
ལྷག་པར་ཕྱི་ལོ་༢༠༡༦ལོར་རྗེ་བཙུན་ཀུན་ཕན་གླིང་ཞེས་པའི་རིག་གཞུང་ཚོགས་པ་ཞིག་གསར་འཛུགས་ཀྱིས་ཨ་རིའི་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་པ་དང་། རྗེ་བཙུན་ཀུན་ཕན་གླིང་གིས་གོ་སྒྲིག་འོག་ཨ་རིའི་མངའ་སྡེ་འདྲ་མིན་ནང་བོད་ཀྱི་གསོ་བ་རིག་པའི་སྐོར་བསྐྱོད་ཀྱིས་གསོ་རིག་དང་འབྲེལ་བའི་འཕྲོད་བསྟེན་གཏམ་བཤད། ནད་གཞི་བྱེ་བྲག་པའི་གཉེན་པོར་གསོ་ཐབས་ཀྱི་ཡོ་ག་སློབ་ཁྲིད་སོགས་བྱེད་བཞིན་ཡོད་ལ། རྗེ་བཙུན་ཀུན་ཕན་གླིང་དབུ་བརྙེས་ནས་ལོ་གསུམ་འཁོར་བའི་མཛད་སྒོ་དང་བསྟུན་༧སྐུའི་བླ་སྨན་པ་ལྷ་རྗེ་ཚེ་དབང་རྟ་མགྲིན་མཆོག་གདན་ཞུས་ཀྱིས་བོད་ཀྱི་གསོ་བ་རིག་པ་དང་། ཕྱི་ལུགས་འཕྲོད་བསྟེན་སྐོར་ལ་ཨ་རིའི་མངའ་ཁུལ་གྱི་བགྲོ་གླེང་ཐེངས་དང་པོ་སྐོང་ཚོགས་གནང་ཞིང་རྗེ་བཙུན་བསྟན་འཛིན་སྒྲོལ་མའི་ལོ་རྒྱུས་དང་འབྲེལ་བའི་(གངས་འདབས་ཀྱི་རྗེ་བཙུན་མ་ཞིག་)ཞེས་པའི་དེབ་ཞིག་དབུ་འབྱེད་གནང་ཡོད། ཞར་བྱུང་སྐབས་བཅུ་གསུམ་པའི་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ལོ་གཉིས་རིང་བྱས་པ་སོགས་ནི་གུས་མོའི་ངོ་སྤྲོད་མདོར་བསྡུས་ཙམ་ཞིག་ཡིན།
དྲི་བ་གཉིས་པ། ཁྱེད་རང་གིས་ད་བར་ཨ་རིའི་ནིའུ་ཡོག་ནས་ཏོག་དབྱིབས་ནད་པ་ག་ཚོད་སྨན་བཅོས་གནང་ནས་དྲག་སྐྱེད་བྱུང་ཐུབ་ཡོད་དམ། དེ་དག་མི་རིགས་གང་དང་གང་ཡིན་ནམ།
ལན། ཉེ་ལམ་ཕྱི་ལོ་༢༠༢༠ཕྱི་ཟླ་གསུམ་པའི་ཟླ་མཇུག་ནས་ཨ་རིའི་ནིའུ་ཡོག་ཁུལ་དུ་ཏོག་དབྱིབས་ནད་ཡམས་ཧ་ཅང་ཁྱབ་ཆེར་བྱུང་ཡོད་སྟབས་གུས་མོས་ཨ་རིའི་ནིའུ་ཡོག་མངའ་ཁུལ་གཅིག་པུར་ངག་གིས་བརྟག་དཔྱད་དྲི་བའི་ལམ་ནས་ཏོག་དབྱིབས་ནད་གཞི་དང་འབྲེལ་བའི་ནད་པ་ནད་རྟགས་ཐོན་པ་དང་། ནད་པ་སྨན་ཁང་དུ་འགྲོ་བར་ནད་ཡམས་འགོས་རྒྱུའི་ཉེན་ཁ་ཧ་ཅང་ཆེ་བ་མ་ཟད། སྐབས་དེར་མི་རྣམས་སྨན་ཁང་དུ་འགྲོ་རྒྱུར་དཀའ་ངལ་ཡོད་པ་དང་། ལྷག་པར་ཨ་རིའི་སྨན་ཁང་ངོས་ནས་ཀྱང་ཚ་བ་ཤུགས་ཆེར་འཕར་ཏེ་ཛ་དྲག་མེད་ཚེ་སོ་སོའི་ནང་ནས་རང་སྲུང་དང་འཕྲོད་བསྟེན་བྱེད་རྒྱུ་ལས་སྨན་ཁང་ལའང་སྨན་བཅོས་ཆེར་མེད་པའི་ལམ་སྟོན་གནས་བབ་འོག་འཕྲུལ་ཆས་ཀྱིས་བརྟག་དཔྱག་མ་བཏང་ཡང་ཏོག་དབྱིབས་ན་ཚའི་ནད་རྟགས་གཅིག་མཚུངས་སུ་ཡོད་མཁན་སོགས་ནད་པ་གྲངས་ལྔ་བཅུ་ང་ལྔ་ལྷག་ཅིག་ལ་གསོ་བཅོས་བྱས་ཡོད་ལ། ནད་པ་དེ་དག་ནས་རྒྱ་ཆ་༨༠ བོད་མི་ཡིན་པ་རྒྱ་ཆ་༢༠ ཙམ་ཞིག་ཧི་མ་ལ་ཡའི་མངའ་ཁུལ་ནས་ཡོད།
དྲི་བ་གསུམ་པ། དྲག་སྐྱེད་བྱུང་བའི་ནད་པའི་ཁོངས་ནས་ཕྱི་ལུགས་སྨན་ཁང་ནས་ཏོག་དབྱིབས་ནད་པ་ཡིན་པའི་བརྟག་དཔྱད་གྲུབ་འབྲས་ཐོན་རྗེས། བོད་སྨན་ཁོ་ན་ལ་བསྟེན་ནས་དྲག་སྐྱེད་བྱུང་ཡོད་པ་མ་ཟད། རྗེས་སུ་ཕྱི་ལུགས་སྨན་ཁང་དུ་བརྟག་དཔྱད་བྱས་ཏེ་ཏོག་དབྱིབས་ནད་དུག་མེད་པ་ཆགས་པའི་གྲུབ་འབྲས་ཐོན་མཁན་ག་ཚོད་བྱུང་ཡོད་དམ།
ལན། གོང་གི་ནད་པ་ཁག་ལ་གསོ་བཅོས་བྱས་གྲས་ནས་དུས་ཚོད་ཀྱི་རིང་ཐུང་ཙམ་མ་གཏོགས་ཕན་བསྐྱེད་དང་དྲག་སྐྱེད་མ་བྱུང་བ་དང་། ནད་གཞི་སྡུག་ཏུ་ཕྱིན་པའི་གནས་སྟངས་ད་བར་ཧ་ལམ་ནད་པ་གཅིག་ཀྱང་བྱུང་མེད་ལ། ནད་པ་མང་ཤོས་ཤིག་གིས་རང་ཉིད་ཀྱི་ཏོག་དབྱིབས་ནད་རྟགས་ཆ་ཚང་དང་ནད་གཞི་དྲག་སྐྱེད་བྱུང་རྗེས་སླར་ཡར་སྨན་ཁང་དུ་ཕྱིན་ཏེ་བསྐྱར་དུ་བརྟག་དཔྱད་གཏོང་བར་འདོད་པ་ཧ་ཅང་དཀོན་པོ་འདུག སྨན་ཞབས་པ་དང་ནད་པ་ཁག་ཅིག་དངོས་སུ་སྨན་ཁང་དུ་ཕྱིན་ཏེ་བརྟག་དཔྱད་བཏང་ཡོད་པར་ཕྱི་ལུགས་སྨན་པས་ངོས་ནས། ཁྱེད་ཀྱི་ཏོག་དབྱིབས་ནད་རྟགས་ཆ་ཚང་ཡལ་ནས་ཉིན་གསུམ་རྗེས་བསྐྱར་དུ་ཕྱིར་ལོག་མ་བྱས་ཚེ་མི་གཞན་ལ་ནད་འབུ་འགོས་པའི་ཉེན་ཁ་མེད་པ་དང་། བརྟག་དཔྱད་གཏོང་མི་དགོས། སྨན་ཁང་དུ་ལས་ཀར་ཡོང་ན་འགྲིག་བཅས་བཤད་འདུག་ལ། རང་ཉིད་ཀྱི་ཏོག་དབྱིབས་ཀྱི་ནད་ཤུལ་དེ་བཞིན་ཉིན་ཤས་དང་ཟླ་བ་རེ་གཉིས་ནས་རང་བཞིན་གྱིས་ཡལ་འགྲོ་ངེས་ཡིན་ཞེས་ལམ་སྟོན་ཡང་ཕེབས་འདུག
དྲི་བ་བཞི་བ། གོ་ཐོས་ལ་ཨ་རིའི་ནང་སྤྱི་དམངས་འགྲིམ་འགྲུལ་ཆ་རྐྱེན་བཀག་འགོག་བྱས་ཡོད་པས། ཁྱེད་རང་སྒེར་གྱིས་ནད་པ་མང་པོ་ཞིག་ལ་སྨན་བསྐྱལ་དུ་ཕེབས་ཡོད་འདུག བློས་གཏོང་གི་ལས་དོན་དེ་འདྲ་གནང་དགོས་དོན་དང་ཉམས་མྱོང་གང་བྱུང་སྐོར་ཞིག་གསུངས་རོགས།
ལན། བོད་ཀྱི་གསོ་བ་རིག་པའི་དགོངས་དོན་ནི་གཞན་ལ་ཕན་པ་བསྒྲུབ་པ་དང་། ལྷག་པར་ཉམ་ཐག་ནད་པའི་ནད་གསོ་བར་བྱ་བ་དང་སྲོག་འཚོ་བར་བྱེད་པའི་མན་ངག་ཅིག་རེད། དེ་བཞིན་བོད་ཀྱི་མེས་པོ་གོང་མ་ཚོས་ཀྱང་བོད་ནང་དུ་ས་ཁུལ་ལུང་ཁུག་ཏུ་རྐང་ཐང་དང་། རྟ་སོགས་གཞོན་ནས་ནད་པར་སྨན་བཅོས་སྐོར་སྐྱོད་ལ་ཕེབས་ཏེ་བོད་ཀྱི་གསོ་བ་རིག་པའི་སྒོ་ནས་རླབས་ཆེན་གྱི་གཞན་དོན་རྒྱ་ཆེན་པོ་བསྒྲུབ་པའི་མིག་དཔེར་ལྟ་ས་དང་ཉན་ས་ཡོད་པ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་བཀའ་སློབ་སྔ་ཕྱིའི་དགོངས་དོན་ཁག་གི་ནང་སྨན་པ་ཚོས་བྱམས་བརྩེ་ལག་ལེན་ལ་འཁེལ་དགོས་པ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་ཡོད་པ་རེད། བྱས་ཙང་།ང་ཚོ་བོད་ཀྱི་གསོ་བ་རིག་པའི་སྨན་པ་ཞིག་ཡིན་ན་སྨན་ལ་བསྟེན་ནས་རང་ཉིད་ཀྱི་དཔལ་འབྱོར་འཚོ་སྒྲུབ་ཁོ་ན་བྱེད་པ་མ་ཡིན་པར་སྨན་ལ་བརྟེན་ཏེ་གཞན་འགྲོ་བ་ནད་པའི་སྲོག་སྐྱོབས་ཀྱིས་ཕན་བདེ་བསྒྲུབ་པ་ཨང་དང་པོར་འཇོག་དགོས་པ་ནི་བོད་ཀྱི་གསོ་བ་རིག་པའི་དགོངས་དོན་དང་། ནང་ཆོས་ཀྱི་སྙིང་པོར་མཐོང་བཞིན་ཡོད།
དེར་བརྟེན་ཉེ་ལམ་ང་ཚོའི་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སའི་མངའ་ཁུལ་ཁག་ཏུ་ནད་ཡམས་རྒྱ་ཁྱབ་ཏུ་ཕྱིན་སྐབས་འདིར་ནད་པ་མང་པོ་ཞིག་གིས་འབྲེལ་བ་གནང་ཡོང་གིན་འདུག་པས། ནད་པའི་གནས་བབ་དང་དཀའ་ངལ། ཁོར་ཡུག་གི་གནས་བབ་ལ་ལྟོས་ནས་རང་ཉིད་ལ་ཏོག་དབྱིབས་ནད་འགོས་མིན་ལ་མ་ལྟོས་པར་སེམས་ཀྱིས་ཐག་གཅོད་ཅིག་བྱས་པ་ཡིན། ཏོག་དབྱིབས་ནད་པ་དང་། དེ་མིན་ནད་གཞི་གཞན་ཡོད་པའི་ནད་པ་ཁག་ལ་གསོ་བཅོས་བྱེད་དགོས་པའི་རྒན་རྒོན་དང་། བྱིས་པར་ལྟ་རྟོགས་གནང་དགོས་པའི་ནད་པ་ཚོའི་སྒོ་འགྲམ་དུ་སྨན་སྐྱེལ་བའི་ཞབས་ཞུ་དང་ལེན་བྱས་པ་ཡིན། ནད་པ་ཁ་ཤས་སར་ཐེངས་གསུམ་བཞིར་བཅར་བའང་ཡོད། ནད་ཡམས་ཛ་དྲག་གི་དུས་ཡུན་ཟླ་བ་གཅིག་གི་ནང་ཁྱོན་ཐེངས་༥༥ ལྷག་ཅིག་ནད་པའི་སྒོ་འགྲམ་དུ་བཅར་རྒྱུ་བྱུང་། ཛ་དྲག་གི་ནད་ཡམས་ཀྱི་དུས་ཡུན་འདིར་ཨ་རིའི་གཞུང་གི་བཀའ་རྒྱའི་འོག་ལས་ཁུང་སོགས་ཆ་ཚང་སྒོ་རྒྱག་དགོས་བྱུང་ཡོད་སྟབས་ནད་པར་རྩ་བལྟ་བའི་གོ་སྐབས་མེད་ནའང་ངག་གི་དྲི་བའི་ལམ་ནས་རང་རང་ནད་ཀྱི་གཉེན་པོར་དགོས་ངེས་ཀྱི་གསོལ་སྨན་ཕུལ་པ་ཡིན། ཡིན་ནའང་། ནད་པ་ཁག་ཅིག་ནས་རྩ་ལ་མ་ལྟོས་ཚེ་བློ་མ་བདེ་བ་བྱེད་ཀྱིན་འདུག དེ་ཚོར་སྒོ་འགྲམ་དུ་སོང་ཏེ་རླངས་འཁོར་ནང་ནས་བལྟས་པ་ཡིན། ནད་པ་དམིགས་བསལ་བ་ཁག་ཅིག་ལ་གསོལ་སྨན་རིན་མེད་ཀྱིས་སྦྱིན་པར་ཕུལ་བའང་ཡོད། ཉིན་མཚན་ལྟོས་མེད་ཀྱིས་ཁ་པར་ལམ་ནས་ནད་པའི་དྲི་བར་དང་ལེན་དང་། འཕྲོད་བསྟེན་གྱི་ལམ་སྟོན་ཞུས་པ་ཡིན།
དྲི་བ་ལྔ་བ། ཁྱེད་རང་གིས་ནད་པ་རྣམས་ཀྱི་རྩ་ལ་བརྟག་དཔྱད་གནང་རྒྱུ་བྱུང་མེད་འདུག་པས། ཕྱི་ལུགས་སྨན་ཁང་ནས་ཏོག་དབྱིབས་ནད་དུག་ཡོད་མེད་བརྟག་དཔྱད་བྱས་མེད་མཁན་རྣམས་ལ། ཏོག་དབྱིབས་ནད་རྟགས་གཙོ་བོ་གང་དང་གང་ངོས་འཛིན་བྱུང་བ་ངོ་སྤྲོད་གཅིག་གནང་རོགས།
ལན། གོང་གི་ནད་པ་དེ་དག་ལ་ནད་རྟགས་གཙོ་བོ་ནི།་༡༽ ཚ་བ་ཡང་ཡང་འཕར་བ། ༢༽གློ་སྐམ་པོ་
བརྒྱབ་པ། ༣༽ ལུས་ཡོངས་གཟེར་བ། ༤༽ བྲང་བསྡམས་པ། ༥༽མིད་པ་མི་བདེ་བ་བཅས་ནི
་ནད་པ་གྲངས་ལྔ་བཅུ་འདི་དག་ཕལ་ཆེ་བར་ཡོད། འོན་ཀྱང་ནད་པ་འགའ་ཤས་ལ་མགོ་ན་བ། ལུས་ཉོབས་པ། ཟས་ལ་དང་ག་མེད་པ། ལྕེར་བྲོ་བ་ཉམས་པ། སྣའི་དྲི་མི་ཚོར་བ། གྲོད་ཁོག་བཤལ་བ། མཚན་ལ་གཉིད་མི་ཁུགས་པ་སོགས་སྣ་ཚོགས་ཤིག་འདུག
དྲི་བ་དྲུག་པ། དྲག་སྐྱེད་སོང་མཁན་ནད་པ་མང་པོ་བྱུང་བ་ལ་བརྟེན་ནས། ད་ལྟའི་ཆར་ཁྱེད་རང་སར་ནད་པ་བསྟེན་གཏུག་གནང་མཁན་མང་དུ་འགྲོ་བཞིན་འདུག་གམ།
ལན། དེང་སྐབས་ང་ཚོའི་ས་གནས་སུ་རང་རེའི་བོད་ཀྱི་སྤྱི་ཚོགས་ནང་ཏོག་དབྱིབས་ནད་པའི་གྲངས་ཉུང་དུ་སོང་ཡོད། ཡིན་ནའང་། དེང་སྐབས་འཛམ་གླིང་ཕྱོགས་གང་སར་བོད་ཀྱི་གསོ་བ་རིག་པར་དོ་སྣང་དང་། གདེང་འཇོག ཡིད་ཆེས་བྱེད་མཁན་ནི་ལོ་རེ་ནས་ལོ་རེར་ཇེ་མང་འགྲོ་བཞིན་ཡོད་པ་ལྟར་རྒྱུན་དུ་གུས་མོར་བོད་ཀྱི་གསོ་བ་རིག་པའི་གསོ་བཅོས་ལ་བསྟེན་མཁན་ནད་པའི་གྲངས་མི་ཉུང་བ་ཞིག་ཡོད། བོད་ཀྱི་གསོ་བ་རིག་པའི་བསྟན་པ་ལ་མཚོན་ན་འདི་དག་ཀྱང་བཟང་ཕྱོགས་དང་ལམ་ལྷོངས་ཤིག་རེད་སྙམ།
དྲི་བ་བདུན་པ། བོད་སྨན་ལ་བསྟེན་ནས་ཏོག་དབྱིབས་ནད་པ་རྣམས་ཆ་སྙོམས་ཆ་ནས་དུས་ཡུན་ག་ཚོད་ནང་ནད་གཞི་ནས་ཡོངས་སུ་དྲག་སྐྱེད་འགྲོ་ཐུབ་ཀྱི་འདུག་གམ། ཐོག་མར་ཉིད་ནས་བོད་སྨན་བསྟེན་མཁན་དང་ཐོག་མར་ཕྱི་ལུགས་སྨན་བསྟེན་ནས་རྗེས་སུ་བོད་སྨན་བསྟེན་མཁན་ནད་པ་གཉིས་བར་དྲག་སྐྱེད་ཀྱི་དུས་ཡུན་ལ་ཁྱད་པར་འདུག་གམ།
ལན། དེ་ལ་ཅུང་ཁྱད་པར་ཡོང་གི་འདུག ཏོག་དབྱིབས་ནད་ཡམས་འདི་ཡང་ནད་པའི་རྒྱུན་ལྡན་གྱི་མིའི་གཟུགས་པོའི་ཟུངས་སྟོབས་བཟང་ཞན་དང་། དུས་རྒྱུན་དུ་མི་དེ་ལ་ནད་གཞི་གཞན་ཡོད་མེད། དེ་བཞིན་ཟས་སྤྱོད་གཉིས་ཀྱི་འཕྲོད་བསྟེན་ཚུལ་བཞིན་བསྟེན་ཤེས་མིན་དབང་གིས་ཏོག་དབྱིབས་ནད་ཀྱི་ནུས་པ་འཕེལ་རིམ་མི་འདྲ་བ་ཡོང་གི་འདུག ནད་པ་ཁ་ཤས་ལ་ཚ་བ་ཅུང་ཟད་ཙམ་འཕར་བའམ་ནད་རྟགས་གཞན་དེ་ཙམ་མེད་པ་དང། ཡང་ན་ནད་རྟགས་གཏན་ནས་མེད་པ་སོགས་དང་། ཡང་ནད་པ་ཁ་ཤས་ཛ་དྲག་ནས་འཆི་ལམ་དུ་འགྲོ་བཞིན་ཡོད། དེ་བཞིན་སྨན་གྱི་ནུས་པ་ཐོན་སྟངས་ཀྱང་ཕྱི་རྒྱལ་སྨན་སོགས་གང་ཡང་མ་བསྟེན་པར་དང་ཐོག་ཚ་བ་འཕར་བའམ་གློ་བརྒྱབ་པ། ཡང་ན་རུས་ཟུག་གཏོང་བ་སོགས་ནད་རྟགས་གང་རུང་ཐོན་མ་ཐག་ཉིན་གཅིག་དང་གཉིས་ནང་དུ་བོད་སྨན་བསྟེན་གཏུགས་གནང་མཁན་དེ་རིགས་བོད་སྨན་གྱིས་ཉིན་གཉིས་དང་གསུམ་ནང་ཚུན་ཕན་བསྐྱེད་དང་དྲག་བསྐྱེད་ཀྱི་ངོ་བོ་བསྟན་ཡོང་གི་འདུག ཡང་ནད་པ་དགའ་རེ་དང་ཐོག་རྒྱ་སྨན་བསྟེན་ནས་བདུན་གཅིག་དང་གཉིས་རྗེས་བོད་སྨན་མཆོད་མཁན་དེ་རིགས་ཅུང་དྲག་བསྐྱེད་ཀྱི་དུས་ཡུན་རིང་བ་མཐོང་སོང་།
ནད་པ་མང་ཤོས་ཀྱི་དུས་ཡུན་བདུན་གཅིག་གཉིས་འགོར་བ་སོགས་ཡོང་གིན་འདུག ཕྱི་ལུགས་ཀྱི་ངོས་ནས་ཚ་བ་འཕར་བར་ཚ་སྨན་སྤྲོད་པ་དང་། དབུགས་གཏོང་ལེན་དཀའ་བར་དབུགས་གསོག་འཕྲུལ་ཆས་སྤྱོད་པ་མ་གཏོགས་དམིགས་བསལ་སྨན་ཡོད་པ་མ་རེད། ཏོག་དབྱིབས་ཀྱི་ནད་འདི་ནི་བོད་ལུགས་གསོ་རིག་གི་སྒོ་ནས་གཉན་རིམས་ཀྱི་ནང་ནང་གློ་བའི་གཉན་ཚད་གཅིག་ལ་ངོས་འཛིན་ཞུས་ནས་གཙོ་བོ་གློ་ནད་རང་བཞིན་ཅིག་ཡིན་དུས་བོད་སྨན་ཀྱིས་ན་ཚ་འགོག་པ་དང་། དྲག་པ། གཏིང་ལེན་པ་སོགས་སྔོན་བྱོན་མེས་པོའི་ལག་རྩལ་དང་བློ་རྩལ་ལ་ཁྱད་ཆོས་ངེས་ཅན་ཞིག་ཡོད་པ་རེད།
དྲི་བ་བརྒྱད་པ། ཁྱེད་རང་གིས་ནད་པ་རྣམས་ལ་གསོལ་སྨན་གཙོ་བ་གང་དང་གང་གནང་བ་ཡིན་ནམ།
ལན། འཕྲུལ་ཐང་། གཙོ་བོ་བརྒྱད་པ། གུར་ཀུམ་༡༣། གློ་ཀུན། གཙོ་བོ་༢༥། འཁྲུགས་ཀུན། ཅུ་གང་༢༥།
སྤང་རྒྱན་༡༥། གུར་ཁྱུང་། ཁྱུང་ང་། བསིལ་བཅུད་༡༥། ཨ་གར་སོ་ལྔ། རྟ་བཟི། ཨ་གར་༡༥།
རིལ་པད། ཟླ་བདུད། ཐང་ཆེན་༢༥། ཟླ་ཤེལ་༣༧། སེ་འབྲུ་ལྔ་པ། གསེར་མདོག་ལྔ་པ། ཨ་གར་བརྒྱད་པ་སོགས་བཏང་བ་ཡིན།
དྲི་བ་དགུ་བ། ཁྱེད་རང་གི་བསམ་ཚུལ་ལ། བོད་སྨན་གྱིས་ཏོག་དབྱིབས་ནད་དུག་སྨན་བཅོས་ཐུབ་ཀྱི་ཡོད་པ་དེར། རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་ཡོང་ཐབས་ལ་ལས་དོན་གང་གནང་དགོས་ཀྱི་འདུག་གམ།
ལན། ད་སྔར་བོད་སྨན་འདི་ཏོག་དབྱིབས་ནད་དུག་གི་སྨན་རེད་ཅེས་ངོས་འཛིན་ཡོད་པ་མ་རེད་ལ། ཁོར་ཡུག་དང་ཆ་རྐྱེན་གང་ཅིར་བལྟས་པ་ཡིན་ནའང་གནས་སྐབས་རིང་ཏོག་དབྱིབས་ནད་དུག་གི་ཆེད་དུ་བོད་སྨན་ཞིག་བཟོ་རྒྱུ་ཁག་པོ་རེད། ཡིན་ནའང་། ཏོག་དབྱིབས་རིམས་འདི་ཡང་གཉན་རིམས་གློ་ཚད་ཆམ་རིམས་ཀྱི་ཁོངས་སུ་ཡོད་དུས། ལོ་༢༥༠༠སྔོན་དར་བའི་བོད་ཀྱི་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞིའི་ནང་གཉན་རིམས་དང་གློ་ཚད་སོགས་ཀྱི་ཆེད་བོད་སྨན་གཏན་འབེབས་ཡོད་ཡོད་པ་ཡིན་དུས་རྒྱལ་སྤྱིའི་ཐོག་ནས་བོད་སྨན་ངོས་འཛིན་ཡོང་ཐབས་ལ་རེ་བ་བརྒྱབ་ཆོག་གི་རེད་ལ། ལྷག་པར་སྨན་རྩིས་ཁང་དང་ཆེས་མཐོ་སྨན་པའི་ལྷན་ཚོགས། དེ་བཞིན་འཕྲོད་བསྟེན་གྱི་ཚོགས་སྡེ་ཁག་དང་མི་སྒེར་སྨན་པ་སུ་ཡིན་རུང་རང་རང་གང་ནུས་ཀྱི་་ནུས་པ་འདོན་དགོས་པ་དེ་གལ་ཆེན་པོར་མཐོང་བཞིན་ཡོད་ལ། ནོར་བུའི་ནོར་ཉམས་ཆོད་པ་བཟོ་དགོས་པ་དེ་གཙོ་བོ་འབད་བརྩོན་གྱི་གྲུབ་འབྲས་ལ་ལྟོས་པ་ཞིག་ཆགས་ཀྱིན་ཡོད་པ་རེད། ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བོད་སྨན་ངོས་འཛིན་ཡོང་ཐབས་ཀྱི་ཐབས་ལམ་གཅིག་པ་རེད་སྙམ།
དྲི་བ་བཅུ་པ། ཁྱེད་རང་བོད་སྨན་གྱི་སྨན་པ་ཞིག་ཡིན་པའི་ཆ་ནས། ནད་དུག་འདི་འཕོག་པའི་ནད་པ་རྣམས་ལ་སྨན་བཅོས་བྱེད་པར་གདོང་ལེན་བྱེད་དགོས་པའི་དཀའ་ངལ་གང་འཕྲད་ཡོད་པ་དང་། དེ་དག་སེལ་ཐབས་སུ་གང་གནང་ཡོད་པའི་ཐོག་ངོ་སྤྲོད་གཅིག་གནང་རོགས།
ལན། ནད་གཞི་གང་ཡིན་ཡང་ཟས་སྤྱོད་སྨན་དཔྱད་ཀྱིས་ལམ་ནས་གསོ་བཅོས་ཞུ་དགོས་དུས་ཉེ་ལམ་དུས་ཡུན་ཐུང་ངུའི་ནང་ནད་པ་མང་པོ་ཞིག་ལྡེབས་གཅིག་ཏུ་ནད་གཞི་ཤུགས་ཆེ་ཤོས་ཀྱི་ནད་རྟགས་གཅིག་མཚུངས་སུ་ཡོང་བ་དང་། ཨ་རི་དང་རྒྱལ་སྤྱིའི་འགྲིམ་འགྲུལ་གྱི་སྒོ་འགག་པ་ལ་བརྟེན་ནས་ནད་པར་དགོས་པའི་སྨན་དུས་ཐོག་རེག་རྒྱུར་དཀའ་ངལ་བྱུང་། འདི་ནི་ནུབ་ཕྱོགས་མངའ་ཁུལ་དུ་ཡོད་པའི་སྨན་པ་མང་ཤོས་ལ་འཕྲད་པའི་དཀའ་ངལ་གཅིག་མཚུངས་ཤིག་ཆགས་ཡོད། ཡིན་ནའང་། དཀའ་ངལ་འདི་རིགས་ལ་བརྟེན་ནས་མ་འོངས་པར་སྡུག་སའི་གྲ་སྒྲིག་ལ་ཁ་གཏད་ཅི་ལྟར་བྱེད་དགོས་མིན་ཡང་བསམ་ཞིབ་བྱེད་དགོས་པ་ཞིག་ཡིན་པས། དཀའ་ངལ་ནི་ང་ཚོའི་ཉམས་མྱོང་གི་སློབ་གསོ་ལྟ་བུར་ཆགས་ཡོད། གཉིས་པ་ནི། ཏོག་དབྱིབས་ཀྱི་ནད་འདི་བཞིན་ཐུག་རེག་མི་ཆོག་པའི་འཛམ་གླིང་ནང་ནད་ཡམས་སྡུག་པ་ཅན་དམིགས་བསལ་བ་ཞིག་ཡིན་དུས། ད་རེས་ཀྱི་ནད་པ་ཕལ་ཆེ་བར་སྨན་པས་ནད་པའི་རེག་པ་རྩ་ལ་བལྟས་ནས་བརྟག་དཔྱད་བྱེད་རྒྱུའི་གོ་སྐབས་ཐོབ་མེད་སྟབས་ནད་པའི་བཤད་པའི་ནད་རྟགས་ཁོ་ན་ལ་བརྟེན་ནས་སྨན་ཞིག་སྤྲོད་དགོས་སྟབས། དང་ཐོག་ནད་འདི་ལ་བོད་སྨན་གྱིས་ཕན་ངོ་མྱུར་ལོད་ཇི་ལྟར་ཡོང་མིན་ཐད་ཅུང་བློ་འཚབ་དང་། ནད་པ་དེ་དག་གི་ལུས་ལ་ནད་ཀྱི་གདུང་བའི་དཀའ་ངལ་མི་འདྲ་བ་ཡོད་པ་ཇི་བཞིན་འཇིག་རྟེན་གྱི་མི་ཞིག་ཡིན་ཕྱིན་འཁོར་ཡུག་དང་གནས་བབས། མི་རང་རང་སོ་སོའི་བསམ་བློའི་འཁྱེར་སོ་མི་འདྲ་བའི་དབང་གིས་སེམས་ནང་དཀའ་ངལ་མི་འདྲ་བ་ཇི་སྙེད་གཅིག་ཡོད་པ་དེ་དག་ལ་སེམས་ཀྱི་བསམ་བློའི་སློབ་གསོ་དང་། འཕྲོད་བསྟེན་གྱི་ཟས་སྤྱོད་སློབ་སྟོན། སྨན་ཇི་ལྟར་བསྟེན་དགོས་མིན་སོགས་ཀྱིས་ལམ་སྟོན་ཞུ་རྒྱུ་བྱུང་། ནད་པ་དང་སྨན་པ་གཉིས་ནི་ནམ་ཡང་གསོ་བྱ་གསོ་བྱེད་བསོད་ནམས་ལས་ཀྱི་འབྲས་བུའི་མཐུ་ལ་རྟེན་ནས་བྱུང་བ་ཞིག་དུས་ནད་པའི་སྡུག་བསྔལ་དེ་དག་རང་ཉིད་ཀྱིས་ཀྱང་གཅིག་མཚུངས་སུ་བསམ་ཤེས་ཐུབ་པའི་སེམས་ནང་སྙིང་རྗེ་དང་། ད་རེས་ཀྱིས་ནད་འདིས་མི་གྲངས་ཇི་སྙེད་གཅིག་ལ་འཛམ་གླིང་གོ་ལ་སྤྱིའི་སྟེང་
བློ་ཡུལ་དུ་ཤོང་དཀའ་བའི་དཀའ་སྡུག་མང་པོ་ཞིག་ཡོང་བཞིན་པ་མཐོང་དུས་རང་ཉིད་ལའང་སེམས་ཚོར་ཆེན་པོ་བྱུང་།
དྲི་བ་བཅུ་གཅིག་པ། ཁྱེད་རང་གིས་བོད་རིགས་དང་བོད་སྨན་ལ་བསྟེན་མཁན་ཚོར་དམིགས་བསལ་གྱི་རེ་སྐུལ་དང་ལམ་སྟོན་གནང་འདོད་པ་ཡོད་དམ།
ལན། ནམ་རྒྱུན་ཚོགས་པ་དང་སྡེ་ཚན་ཁག་གིས་གཙོ་སྐྱོངས་གནང་བའི་བརྙན་འཕྲིན་དང་རླུང་འཕྲིན་གྱི་བརྒྱུད་ལམ། དེ་བཞིན་དྲྭ་ཐོག་འདྲ་མིན་དང་། ལྷག་པར་མི་གྲངས་ལྔ་བརྒྱ་མ་ཟིན་ཙམ་ཡོད་པའི་རྗེ་བཙུན་ཀུན་ཕན་གླིང་གི་སྐད་འཕྲིན་ཚོགས་ཁོངས་སོགས་སུ་བདུན་ཕྲག་རེར་ཟས་སྤྱོད་དང་འབྲེལ་བའི་ལམ་སྟོན་དང་། བོད་ཀྱི་གསོ་རིག་དང་འབྲེལ་བའི་ཕན་ནུས་སྐོར་ལ་བསམ་ཚུལ་བཤད་བསྡད་ཡོད། ད་རེས་དམིགས་བསལ་ཞུ་རྒྱུ་གཞན་མེད་པས་བཅར་འདྲི་གནང་མཁན་གྱི་གསར་འགོད་པར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།
གསར་འགོད་པ་སྐལ་བཟང་དོན་གྲུབ།