སྨན་རྩིས་ཁང་དབུ་བརྙེས་ནས་ལོ་༡༠༡ འཁོར་བའི་དུས་དྲན་མཛད་སྒོ།
ལོ་ལྔའི་གོང་རྩིས་སྤྲོད་རྩིས་ལེན་སྐབས་ལག་དངུལ་དང་དངུལ་ཁང་ནང་ཡོད་པ་ས་ཡ་༢༤༩.༩ ཡིན་རུང་། ད་ལྟ་ལག་དངུལ་དང་དངུལ་ཁང་ནང་ཡོད་པ་ཧིན་སྒོར་ས་ཡ་༢༦༨.༦ བྱུང་ནས་འཕར་ཆ་བྱུང་ཡོད་སྐོར་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་གིས་བརྗོད་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༩ ཉིན་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་རྒྱལ་ས་ལྷ་སར་༧རྒྱལ་མཆོག་སྐུ་ཕྲེང་༡༣ པས་སྨན་རྩིས་ཁང་གསར་འཛུགས་བྱས་ནས་ལོ་ངོ་༡༠༡ དང་། བཙན་བྱོལ་དུ་འབྱོར་རྗེས་དྷ་སར་༧རྒྱལ་མཆོག་སྐུ་ཕྲེང་༡༤ པས་བསྐྱར་གསོ་གནང་ནས་ལོ་ངོ་༥༦ འཁོར་བའི་དུས་དྲན་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།
དེར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་དང་། དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གཉིས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་གྱི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་རྣམ་པ། སྨན་རྩིས་ཁང་གི་འགན་འཛིན་རྣམ་པ་དང་དགེ་ལས་སློབ་ཕྲུག་སོགས་མི་མང་བརྒྱ་ཕྲག་མང་པོའི་དབུས་སུ་གཞས་དང་ཞབས་བྲོ་གཟིགས་འབུལ་སོགས་ཀྱི་ཐོག་ནས་མཛད་སྒོ་སྲུང་བརྩི་ཞུས་སོང་།
མཛད་སྒོའི་སྐབས་དྷ་ས་སྨན་རྩིས་ཁང་གིས་དུས་དང་མཐུན་པའི་སྨན་སྣ་གྲངས་༤ བཟོ་སྐྲུན་བྱས་པ་རྣམས་དབུ་འབྱེད་དང་། སྨན་རྩིས་ཁང་གི་ལས་བྱེད་ལོ་༣༠ དང་༢༠ ལོན་པ་རྣམས་ལ་གཟེངས་བསྟོད་བྱ་དགའ། དཔེ་དེབ་ཁག་དབུ་འབྱེད། གཞན་ཡང་སྨན་སློབ་སྐབས་༡༨ དང་༡༩། རྩིས་སློབ་སྐབས་༩ པ་དང་༡༠ པ་བཅས་ནས་ལོ་འཁོར་རྒྱུགས་འབྲས་རྩེ་ཕུད་སོན་པ་གསུམ་རེ་དང་། སྤྱི་ཁྱབ་འགན་བདག་༢ བཅས་ལ་ལག་འཁྱེར་དང་གཟེངས་བསྟོད་བྱ་དགའ་བསྩལ་སོང་།
དྷ་ས་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་གིས་ལོ་ལྔའི་ལས་བསྡོམས་སྙན་སྒྲོན་ཞུས་པ་ལྟར་ན། དྷ་ས་སྨན་རྩིས་ཁང་ནི་ཕྱི་ལོ་༡༩༦༡ ལོར་༧གོང་ས་མཆོག་གིས་བསྐྱར་གསོ་གནང་བ་ཞིག་ཡིན་པ་དང་། སྒྲིག་འཛུགས་ཀྱི་ལས་འགན་གལ་ཆེ་ཤོས་ནི་༧གོང་ས་མཆོག་གི་སྐུའི་འཕྲོད་བསྟེན་གྱི་ཞབས་ཞུ་ལས་ལྷག་པ་མེད་སྟབས། རྒྱུད་གཞུང་མན་ངག་དང་མཐུན་པར་སྦྱོར་འབུལ་ཞུ་མུས་ཡིན་ཁར་རྩིས་རིག་སྡེ་ཚན་ནས་སྐུའི་དགུང་སྐེག་འཕྲོད་སྦྱོར་སོགས་འབུལ་ལམ་ཆད་མེད་ཞུ་བཞིན་ཡོད་སྐོར། ངོ་བོ་དང་ལས་འགན་གྱི་ཐོག་ནས་ད་ལྟའི་ཆར་སྨན་རྩིས་ཁང་དུ་འཛིན་སྐྱོང་ཁོངས་སྡེ་ཚན་༡༡ དང་། རིག་གཞུང་ཁོངས་སྡེ་ཚན་༡༡ བཅས་ཁྱོན་སྡེ་ཚན་༢༢ དང་། འཛིན་སྐྱོང་ཚགས་ཚུད་དང་མཉམ་རུབ་ཆེད་དབང་ཚད་བགོ་འགྲེམས་བྱས་པའི་ཚོགས་ཆུང་ཁག་༩ བཅས་ཡོད་སྐོར། མིའི་ནུས་ཤུགས་གོང་འཕེལ་སྡེ་ཚན་གྱི་ཁྱབ་ཁོངས་སུ་སྐྱེས་པ་སྨན་པ་༦༩ དང་བུད་མེད་སྨན་པ་༤༩། འཕྲོད་བསྟེན་སྨན་པ་སྐྱེས་པ་༥། དཀར་རྩིས་པ་སྐྱེས་པ་༨ དང་བུད་མེད་༧ ། སྨན་སློབ་བུ་༤༣ དང་བུ་མོ་༤༠། དཀར་རྩིས་སློབ་ཕྲུག་བུ་༨ བུ་མོ་༡༤། འཛིན་སྐྱོང་ལས་བྱེད་སྐྱེས་པ་༡༧༢ དང་བུད་མེད་༡༥༨། འཛིན་སྐྱོང་ཆོད་གན་ལས་བྱེད་སྐྱེས་པ་༣༣ དང་བུད་མེད་༡༦། ལས་མི་སྐྱེས་པ་༣༡ དང་བུད་མེད་༤༤ བཅས་ཁྱོན་བསྡོམས་ལས་བྱེད་སློབ་ཕྲུག་སྐྱེས་པ་༣༦༩ དང་བུད་མེད་༣༢༨ ཡོད་པ་རེད་འདུག དཔལ་འབྱོར་གྱི་གནས་བབས་ཀྱི་ཐད་ནས་ལོ་ལྔའི་གོང་ལག་དངུལ་དང་དངུལ་ཁང་ནང་ཡོད་པ་རྩིས་སྤྲོད་རྩིས་ལེན་སྐབས་ས་ཡ་༢༤༩.༩ ཡིན་རུང་། ད་ལྟ་ལག་དངུལ་དང་དངུལ་ཁང་ནང་ཡོད་པ་ཧིན་སྒོར་ས་ཡ་༢༦༨.༦ བྱུང་ནས་འཕར་ཆ་བྱུང་ཡོད་སྐོར་དང་། གཞན་ཡང་སྨན་སྦྱིན་དང་རིན་ཆེན་རིལ་བུའི་གྲངས་ཀ་ཧ་ཅང་འཕར་ཡོད་སྐོར་སོགས་ཞིབ་ཕྲ་གསུངས་སོང་།
དེ་རྗེས་དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས་སྨན་རྩིས་ཁང་གི་འགན་འཛིན་ནས་འདས་པའི་ལོ་ལྔའི་རིང་གི་ལས་ཀ་དང་། གྲུབ་འབྲས་སོགས་གསུངས་པ་དེར་ལེགས་གསོའི་བསྔགས་བརྗོད་དང་སྦྲགས་མ་འོངས་པར་གོང་ནས་གོང་དུ་འཕེལ་བའི་རེ་བ་ཡོད་སྐོར་དང་། དེ་བཞིན་སྨན་རྩིས་ཁང་གི་སྒྲིག་འཛུགས་བརྒྱུད་ནས་བོད་ཀྱི་ཆོས་རིག་སྲ་བརྟན་ཐོག་བོད་ཀྱི་རྩ་དོན་ལ་ཕན་ཐོགས་དགོས་པ། གཞན་ཡང་གསོ་རིག་རྒྱུན་འཛིན་བྱེད་མཁན་དེ་སློབ་མ་རྣམས་ཆགས་ཡོད་པས། ཁོང་རྣམས་བསླབ་པ་མཐར་སོན་ཏེ་མ་འོངས་པར་སྡིངས་ཆ་ཆེན་པོའི་སྒང་སླེབས་སྐབས། སྤྱིའི་ཆ་ནས་འགྲོ་བ་མིའི་རིགས་གང་དུ་ཕན་ཐོགས་ན་ཁྱད་པར་མེད་རུང་། ཐོག་མར་སོ་སོར་སློབ་སྦྱོང་སྤྲད་ས་དེར་ཁ་ཕྱིར་འཁོར་ནས་ཞབས་ཞུ་བསྒྲུབ་རྒྱུ་གལ་ཆེ་སྐོར་སོགས་གསུངས་སོང་།
དེ་རྗེས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་དུ་༧གོང་ས་མཆོག་གིས་ཐོག་མར་སྨན་རྩིས་ཁང་གསར་འཛུགས་སྐབས་སྨན་པ་༡ དང་སློབ་མ་༤ ལས་མེད་ཀྱང་། རིམ་བཞིན་འཕེལ་རྒྱས་ཀྱིས་ད་ཆ་འདི་འདྲའི་རྒྱ་ཆེན་པོ་བྱུང་བ་འདི་ནི། ༧གོང་ས་མཆོག་གི་མ་འོངས་མངོན་གཟིགས་ཀྱི་ཡེ་ཤེས་དབྱིངས་དཔྱད་ཡིན་སྐོར་དང་། དེ་བཞིན་ལས་དོན་ག་འདྲ་ཞིག་ཡིན་རུང་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་མཐའ་དག་ཡིད་ལ་འཇགས་པའི་ཐོག་ནས་དཀའ་ལས་བརྒྱབས་ན་རླབས་ཆེན་པོ་ཡོང་རྒྱུ་ངེས་པ་ཡིན་སྐོར། གཞན་ཡང་སྨན་རྩིས་ཁང་གིས་སྨན་བཟོ་ཕྱོགས་སོགས་ཀྱི་སྐོར་ལ་ཕྱི་རྒྱལ་གྱི་མཐོ་སློབ་ཁག་དང་མཉམ་འབྲེལ་གྱིས་བརྟག་དཔྱད་བྱེད་བཞིན་ཡོད་པ་དེ་མུ་མཐུད་རྒྱུ་གལ་ཆེ་སྐོར། དེ་བཞིན་སྨན་གསར་བཟོ་སྐབས་གཟབ་གཟབ་ཏན་ཏན་མ་བྱས་ན་སྨན་ལོག་པ་གཅིག་བྱུང་ན་ཡང་། བརྡ་འཕྲིན་གྱི་དུས་རབས་འདིར་སྨན་རྩིས་ཁང་གི་མཚན་སྙན་ལ་དེས་གནོད་པ་ཆེན་པོ་བཟོ་སྲིད་པ་དང་། སྨན་གསར་བཟོ་སྐབས་ཚན་རིག་དང་མཐུན་པ་དང་སྨན་པས་སེམས་ཁམས་རིག་པ་དང་མཐུན་པ་བྱ་རྒྱུ་གལ་ཆེ་སྐོར། སྨན་རྩིས་ཁང་གི་སྨན་པ་རྣམས་ཕྱི་ལུགས་ཀྱི་སྨན་པ་རྣམས་དང་མི་འདྲ་བར་རྒྱུད་དུལ་བ་དང་ནད་པར་བྱམས་པ་ཡོད་སྐོར། དེ་བཞིན་སྨན་རྩིས་ཁང་དུ་ཕྱག་ལས་གནང་ནས་ཞབས་ལོ་༢༠ དང་༣༠ སོན་མཁན་རྣམས་དཀའ་ལས་བརྒྱབས་ནས་བསྡད་སྟབས་ཚང་མར་ཐུགས་རྗེ་ཆེ་ཞུ་བ་སོགས་ཀྱིས་མཚོན་པའི་གསུང་བཤད་ལམ་སྟོན་གནང་སོང་།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།