སྨྱུག་ཐོག་བོད་མོ་ཞེས་པའི་དཔེ་དེབ་དབུ་འབྱེད།
བཙན་བྱོལ་བོད་ཀྱི་བུད་མེད་༣༣ ལ་བཅར་འདྲི་བྱས་པའི་ཕྱོགས་བསྡུས་དཔེ་དེབ་<<སྨྱུག་ཐོགས་བོད་མོ་>> ཞེས་པ་ཞིག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གིས་བཏོན་འདུག
ཟླ་འདིའི་ཚེས་༡༤ ཉིན་དྷ་ས་མེག་གྷན་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་དུ། <<སྨྱུག་ཐོགས་བོད་མོ་>> ཞེས་པའི་དཔེ་དེབ་ཅིག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨར་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་དབུ་འབྱེད་གནང་བའི་མཛད་སྒོ་འཚོགས་ཡོད་པ་རེད།
སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་གྱིས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་གནང་སྐབས། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་ངོས་ནས་སྔ་ཕྱིར་དཔེ་དེབ་རིམ་པར་བཏོན་པར་འཚམས་འདྲི་དང་བསྔགས་བརྗོད་གནང་སོང་བ་དང་། ཕྱི་རྒྱལ་གྱི་འགྲོ་ལུགས་ནང་དཔེ་དེབ་གསར་པ་དབུ་འབྱེད་མ་བྱས་གོང་དཔེ་དེབ་ཀྱི་བརྗོད་བྱ་དང་འབྲེལ་བའི་ཤེས་ཡོན་པ་དང་། ཤེས་ཡོན་ཐོག་ལས་ཀ་རྒྱུན་རིང་པོ་བྱེད་མྱོང་མཁན་སོགས་གལ་ཆེའི་མི་སྣ་ཁག་ཅིག་ལ་དཔེ་དེབ་སྔོན་ཚུད་ནས་ཕུལ་ཏེ། དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་འཚོག་སྐབས་ཤེས་ཡོན་པ་དེ་དག་གདན་དྲངས་ནས་བརྗོད་བྱ་དང་རྗོད་བྱེད་སོགས་དཔེ་དེབ་ནང་གི་གནད་དོན་གྱི་ཐོག་ལ་བགྲོ་གླེང་དང་གོ་བསྡུར་བྱེད་སྲོལ་ཡོད་པ་ལྟར། ལེགས་ཆ་བཟང་པོ་དེ་བོད་པའི་སྤྱི་ཚོགས་སུ་ནང་འདྲེན་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་སོང་།
དེ་བཞིན་མཛད་སྒོའི་སྐབས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་བོད་ཡིག་རྩོམ་སྒྲིག་པ་དང་དཔེ་དེབ་གསར་པའི་རྩོམ་སྒྲིག་པ་ཆོས་ཉིད་བཟང་པོས་དཔེ་དེབ་ངོ་སྤྲོད་བྱེད་དོན་དུ། སྨྱུག་ཐོགས་བོད་མོ་ཞེས་པའི་དཔེ་དེབ་འདི་ནི་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གིས་བཏོན་པའི་དཔེ་དེབ་བཞི་པ་དེ་ཡིན་ཞིང་། དེ་སྔོན་བོད་ཡིག་གི་དེབ་གསུམ་དང་དབྱིན་ཡིག་གི་དེབ་གཅིག་བཅས་ཁྱོན་དཔེ་དེབ་བཞི་པར་སྐྲུན་བྱས་ཟིན་སྐོར་དང་། ད་ཐེངས་ཀྱི་དཔེ་དེབ་འདི་ནི་འཛམ་གླིང་གང་སར་ཡོད་པའི་བཙན་བྱོལ་སྤྱི་ཚོགས་ནས་བོད་ཡིག་རང་གི་ཐོག་ནས་རྩོམ་འབྲི་མཁན་དང་། དཔེ་དེབ་བཏོན་མཁན། དེ་བཞིན་བོད་ཡིག་ཐོག་ནས་དཔེ་ཀློག་མང་པོ་བྱེད་མཁན་གྱི་བུད་མེད་༣༣ ལ་བོད་ཀྱི་རྩོམ་རིག་དང་འབྲེལ་བའི་དྲི་བ་གཅིག་པ་༥ རེ་བཀོད་ནས་ཡིག་ཐོག་ནས་ལན་བྲིས་རྗེས་དེ་དག་ཕྱོགས་བསྒྲིགས་བྱས་པ་ཡིན་སྐོར། དཔེ་དེབ་འདིའི་ནང་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་དང་དེང་རབས་རྩོམ་རིག དེ་བཞིན་གཞིས་བྱེས་གཉིས་ཀྱི་རྩོམ་རིག་གླེང་སློང་ཐུབ་པ་སོགས་ཀྱི་ཁྱད་ཆོས་ཚང་ཡོད་སྐོར། དེ་བཞིན་དཔེ་དེབ་བཏོན་པའི་དམིགས་ཡུལ་ནི། ༧གོང་ས་མཆོག་གི་བཀའ་སློབ་གཙོས་གཞུང་སྒེར་གཉིས་ནས་བུད་མེད་ཀྱི་ཤེས་ཡོན་དང་འཕྲོད་བསྟེན། ནུས་སྟོབས་བཅས་སྤེལ་ཐབས་སུ་འབད་བརྩོན་བྱས་དང་བྱེད་བཞིན་པར་ཕྱར་གྲུ་མཉམ་འདེགས་ཡོང་ཆེད་དང་། བཙན་བྱོལ་བོད་པའི་བུད་མེད་རྩོམ་པ་པོ་དང་ཁོང་ཚོའི་རྩོམ་རིག་བརྩམས་ཆོས་ལ་རྒྱུས་ལོན་ཡོང་ཆེད་དུ་ཡིན་སྐོར་སོགས་བརྗོད་སོང་།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།