སྲིད་བློན་མོ་དྷིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་གནང་འདུག

༧གོང་ས་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ཉིན། རྒྱ་གར་གྱི་སྲིད་བློན་མོ་དྷིས་ཁོང་ལ་ཞལ་པར་ཕུལ་ནས་“སྐུ་གཟུགས་གསལ་ཐང་དང་སྐུ་ཚེ་ཡུན་རིང་བརྟན་པའི་”སྨོན་འདུན་ཞུས་འདུག
དེ་རིང་ཉིན་གུང་རྒྱ་གར་གྱི་སྲིད་བློན་མོ་དྷིས་ཋོའུ་ཋར་དྲ་བའི་ཐོག་ཏུ་གསུང་ཐུང་ཞིག་བཞག་པའི་ནང་། ཁོང་གིས་“ཞལ་པར་བརྒྱུད་དེ་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་བཀའ་མོལ་ཞུས་ཏེ་ཁོང་དགུང་གྲངས་ ༨༦ ལ་ཕེབས་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། ང་ཚོས་ཁོང་སྐུ་གཟུགས་གསལ་ཐང་དང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུ་”ཞེས་བྲིས་འདུག
ད་ལྟའི་ཆར་སྲིད་བློན་མོ་དྷིའི་གསུང་ཐུང་དེར་དགའ་རྟགས་སྤྲོད་མཁན་ཁྲི་ ༤ མ་ཟིན་ཙམ་དང་། བརྒྱུད་སྐུར་བྱེད་མཁན་ ༥༠༠༠ བརྒལ་བ་བྱུང་ཚར་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།