སྲིད་ཟུར་གྱིས་གུ་ཡངས་ཅན་གྱི་མང་གཙོའི་མ་འོངས་པ་དང་འཕྲུལ་རིག་གི་བྱེད་སྒོའི་སྐོར་གསུང་བཤད་གནང་།

སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེས་བཙན་བྱོལ་བོད་མིའི་འོས་བསྡུ་དེ་ནི་རང་དབང་འཐབ་རྩོད་དང་འབྲེལ་བ་ཡོད་པ་དང་། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་ལམ་ལུགས་གཞན་དང་མི་འདྲ་བར། བོད་མི་ཚོས་འོས་ཤོག་འཕེན་ཆེད་དུ་རང་དབང་དང་བླངས་དཔྱ་དངུལ་སྤྲོད་དགོས་ཀྱི་ཡོད་པ་རེད། ད་དུང་ཡང་འོས་འཕེན་པའི་བརྒྱ་ཆ་དེ་ཤིན་ཏུ་མཐོན་པོ་ཡོད་པ་དེར་དགའ་སྤོབས་ཆེན་པོ་ཡོད་སྐོར་གསུངས་སོང་།

ཟླ་༥ པའི་ཚེས་༢༡ ཉིན་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་བྷེང་ལོར་དུ། སྙན་གྲགས་ཆེ་བའི་རྒྱ་གར་གྱི་ཐེབས་རྩ་ནས་གོ་སྒྲིག་ཞུས་པའི་རྒྱ་གར་གྱི་བསམ་བློའི་ཚོགས་ཆེན་བདུན་པའི་སྟེང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཟུར་བློ་བཟང་སེང་གེ་གསུང་བཤད་གནང་མཁན་ཁོངས་སུ་གདན་དྲངས་འདུག་པས། ཁོང་གིས་གུ་ཡངས་ཅན་གྱི་མང་གཙོའི་མ་འོངས་པ་དང་འཕྲུལ་རིག་གི་བྱེད་སྒའི་སྐོར་གསུང་བཤད་གནང་སོང་།

ཁོང་གིས་གསུང་དོན་ལ། བརྗོད་བྱ་དེ་ནི་ཁྱབ་ཤིན་ཏུ་ཆེན་པོ་ཡིན་པས། ཐོག་མར་མང་གཙོ་དང་འཕྲུལ་རིག་གི་ཐུག་མཚམས་དང་འབྲེལ་ནས་དཔེར་བརྗོད་གཅིག་འཇོག་རྒྱུ་ཡིན་སྐོར་བརྗོད་ནས། དེ་ཡང་ཡུག་ཀེ་རན་གྱི་དམག་འཁྲུག་དང་འབྲེལ་ནས་གསར་འགྱུར་ནང་དུ། ཨུ་སུ་རུར་གནས་སྡོད་བྱེད་མཁན་གྱི་ཡུག་ཀེ་རན་པ་ལགས་ཤིག་ལ། ཡུག་ཀེ་རན་དུ་གནས་སྡོད་བྱེད་མཁན་རང་གི་བུས་ཁ་པར་བཏང་ནས། ཨུ་རུ་སུའི་དམག་མིས་ཁོ་ཚོའི་ཁང་པ་གཏོར་བཤིག་བཏང་བ་དང་གྲོང་གསེབ་ལ་གཏོར་བཤིག་བཏང་བའི་སྐོར་བརྗོད་སྐབས། པ་ལགས་ཀྱིས་ཡིད་ཆེས་མི་བྱེད་པར་ཨུ་རུ་སུའི་གསར་འགྱུར་ནང་དུ་ཨུ་རུ་སུའི་དམག་མིས་ཡུག་ཀེ་རན་ནང་དུ་མི་མང་ལ་ཡག་པོ་བྱེད་ཀྱི་ཡོད་པ་ཤ་སྟག་སྟོན་གྱི་ཡོད་སྐོར་ལན་འདེབས་བྱས་པ་དང་། དེ་བཞིན་ཡུག་ཀེ་རན་དུ་ཡོད་པའི་ཚ་མོ་ཞིག་གིས་ཨུ་རུ་སུར་ཡོད་པའི་རང་གི་ཨ་ནེར་ཁ་པར་བཏང་ནས། ཨུ་རུ་སུའི་བྱ་སྤྱོད་སྐོར་བརྗོད་སྐབས་ཨ་ནེས་ཡིད་ཆེས་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད།  གནས་ཚུལ་དེ་ལས་འཕྲུལ་རིག་དེ་མང་གཙོ་སྲུང་སྐྱོབ་དང་གོང་འཕེལ་གཏོང་ཆེད་ཁོ་ནར་བེད་སྤྱོད་གཏོང་གི་ཡོད་པའི་ཁྱབ་པ་མེད་པ་དང་། འཕྲུལ་རིག་དེ་མང་གཙོ་གཏོར་བཤིག་དང་རང་དབང་བཀག་སྡོམ་བྱེད་ཆེད་དུ་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད་པ་གསལ་པོ་ཆགས་ཡོད། ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གྱིས་གསར་འགྱུར་བརྒྱུད་ལམ་དང་འཕྲུལ་རིག་བེད་སྤྱོད་བཏང་ནས། མི་མང་ཚོས་གཞུང་གི་ག་རེ་གསུང་གི་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད་པ་བཟོས་ཡོད་པས། ཨུ་རུ་སུ་མི་མང་བརྒྱ་ཆ་༨༠ ཡིས་ཡུག་ཀེ་རན་གྱི་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། པུ་ཀྲེན་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་ཡང་བརྒྱ་ཆ་༨༠ ཡོད་པ་རེད། ད་ལྟའི་ཆར་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་སུ་ལ་ཡང་མང་ཚོགས་ཀྱི་རྒྱབ་སྐྱོར་ཚད་གཞི་དེ་འདྲ་མེད་སྐོར་གསུངས་སོང་།

དེ་ནས་ཁོང་གིས་རྒྱལ་སྤྱིའི་ནང་མང་གཙོ་ཉམས་རྒུད་དུ་འགྲོ་བཞིན་ཡོད་མེད་དང་འབྲེལ་ནས་གསུང་དོན། མང་གཙོ་ཉམས་རྒུད་འགྲོ་བཞིན་ཡོད་པ་དང་། རང་དབང་ཁང་པས་བཏོན་པའི་ཉམས་ཞིབ་སྙན་ཐོ་ནང་དུ། ལོ་ངོ་༡༦ བསྟུད་མར་རང་དབང་གི་ཚད་གཞི་དམའ་རུ་འགྲོ་ཡི་ཡོད་སྐོར་བརྗོད་ཡོད་པ། དེ་བཞིན་ཉམས་ཞིབ་སྙན་ཐོ་མང་པོ་ཞིག་ནང་དུ་ལོ་ངོ་༢༠ ལྷག་རིང་མང་གཙོ་ཉམས་རྒུད་འགྲོ་ཡི་ཡོད་སྐོར་བརྗོད་པ། འདས་པའི་ལོ་ངོ་༢༠ ནང་དུ་མང་གཙོའི་ལམ་ལུགས་སུ་བསྒྱུར་མཁན་གྱི་རྒྱལ་ཁབ་ཉུང་དུ་ཕྱིན་ཡོད་ཁར། མི་གཅིག་དབང་སྒྱུར་རིང་ལུགས་སུ་བསྒྱུར་མཁན་མང་དུ་འགྲོ་བཞིན་པས། ད་ལྟ་དང་མ་འོངས་པར་རྒྱལ་སྤྱིའི་ནང་དུ་མང་གཙོ་རིང་ལུགས་དང་མི་གཅིག་དབང་སྒྱུར་རིང་ལུགས་བར་གདོང་ཐུག་དང་འགལ་ཟླ་བྱུང་གི་ཡོད་པ་དང་འབྱུང་རྒྱུ་ཡིན་པ། མི་གཅིག་དབང་སྒྱུར་རིང་ལུགས་ཀྱི་ཕྱོགས་སུ་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་སྣེ་ཁྲིད་ཀྱི་ཡོད་པ། རྒྱ་ནག་གི་གཞུང་འཛིན་ལམ་ལུགས་དེར་དགའ་མོས་བྱེད་མཁན་མང་པོ་ཡོད་པ་ཙམ་མ་ཟད། དཀྱིལ་ཤར་ཡུལ་གྲུ་དང་ཨ་ཧྥེ་རི་ཀ་ཁུལ་དུ་རྒྱ་ནག་གི་གཞུང་འཛིན་ལམ་ལུགས་ལག་བསྟར་བྱེད་མཁན་མང་པོ་ཡོད་པ་དང་། ཨེ་ཤི་ཡ་དང་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་ཅིག་གིས་ལམ་ལུགས་དེ་ལད་ཟློས་ཡོང་ཐབས་བྱེད་བཞིན་པ། ལམ་ལུགས་དེ་ལ་མང་གཙོ་མེད་པའི་ཡར་རྒྱས་སམ་དབང་ཆ་གཅིག་སྡུད་ཀྱི་མ་རྩ་རིང་ལུགས་ཞེས་བརྗོད་ཀྱི་ཡོད་པ། རྒྱལ་ཁབ་དེ་དག་གིས་རྒྱ་ནག་གི་གཞུང་འཛིན་ལམ་ལུགས་ལ་ལད་ཟློས་བྱེད་པ་མ་ཟད། རྒྱ་ནག་ནས་འཕྲུལ་རིག་ཉོས་ནས་རང་གི་མི་མང་ལ་དྲག་གནོན་བྱེད་ཀྱི་ཡོད་པ། རྒྱ་ནག་གིས་མི་མང་སྟངས་འཛིན་བྱེད་ཆེད་ཀྱི་ཡོ་ཆས་དཔེར་ན་དྲ་རྒྱ་སྟངས་འཛིན་ཡོ་ཆས་དང་། ངོ་གདོང་ངོས་འཛིན་ཡོ་ཆས་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཕྱིར་འདྲེན་བྱེད་ཀྱི་ཡོད་པས། མི་གཅིག་དབང་སྒྱུར་གྱི་རྒྱལ་ཁབ་ཚོའི་བར་དུ་མཐུན་ཕྱོགས་ལྟ་བུའི་འབྲེལ་བ་བཙུགས་ཡོད་སྐོར་གསུངས། 

ཁོང་གིས་མང་གཙོ་ཉམས་རྒུད་དུ་འགྲོ་བཞིན་ཡོད་ཀྱང་། གུ་ཡངས་ཀྱི་མང་གཙོ་གཏན་དུ་མེད་པ་ཆགས་རྒྱུ་རེད་དམ་ཟེར་ན་དེ་འདྲ་མ་རེད། ད་ལྟའི་ཆར་མི་གཅིག་དབང་སྒྱུར་རིང་ལུགས་དེ་ནུས་པ་ཐོན་སྲིད་ཀྱང་། རྒྱུན་རིང་པོའི་རིང་སྲ་བརྟན་ཡོང་ཐུབ་རྒྱུ་མིན་པ། གང་ཡིན་ཟེར་ན་དབང་ཆ་དེས་མི་རུལ་ཉེན་ཅན་བཟོ་ཡི་ཡོད་པ་ལྟར། པུ་ཀྲེན་གྱིས་མི་ཚང་མའི་མཐོང་སར་རང་བཙན་ཅན་གྱི་རྒྱལ་ཁབ་གཅིག་ལ་བཙན་འཛུལ་བྱས་ཡོད་པ། རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་བཞིན་པའི་སྐབས་དང་བཙན་འཛུལ་བྱས་ཟིན་པའི་རྗེས་སུ་བོད་མི་རྣམས་དཀའ་སྡུག་མང་པོ་མྱངས་ཡོད་པས། ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་པ་དེར་ངོས་ལེན་བྱེད་ཐུབ་ཀྱི་མེད་པ། ཨུ་རུ་སུར་བྱང་ཆིངས་སྒྲིག་འཛུགས་ཀྱི་དབང་ཤུགས་ལ་བརྟེན་ནས་བདེ་སྲུང་གི་སེམས་འཚབ་ཡོད་སྲིད་པ་རེད་དེ། ཡུག་ཀེ་རན་མི་མང་ཐོག་ལ་འགྲོ་བ་མིའི་བདེ་སྡུག་དང་བཟང་སྤྱོད་གང་ཡང་མེད་པའི་ཐོག་ནས་གཏོར་སྐྱོན་དང་དཀའ་སྡུག་སྤྲོད་བཞིན་པ་དེ་ནི་བཟོད་སྒོམ་བྱེད་ཐབས་བྲལ་བ་ཡིན་པས། ཡུག་ཀེ་རན་དམག་འཁྲུག་དེ་ལ་བརྟེན་ནས་འཛམ་གླིང་མི་མང་ཚོས་མི་གཅིག་དབང་སྡུད་རིང་ལུགས་ཀྱི་སྐྱོན་ཆ་མཐོང་ནས། མང་གཙོ་ལམ་ལུགས་རང་དབང་སླར་གསོ་ཡོང་རྒྱུ་ཡིན་པའི་དཀྱོག་མཚམས་གལ་ཆེན་ཞིག་ཡིན་པ། མང་གཙོ་ལམ་ལུགས་དེ་སྐབས་རེ་ནུས་པ་ཐོན་གྱི་མེད་པའམ་རྙོག་གྲ་ཚ་བོ་མཐོང་སྲིད་ཀྱང་། དུས་ཡུན་རིང་པོའི་རིང་རང་དབང་སྲུང་སྐྱོབ་བྱེད་མཁན་ནི་མང་གཙོ་གཅིག་པུ་ཡིན་སྐོར་གསུངས་སོང་།

མཐའ་མ་དེར་ཁོང་གིས་མང་གཙོ་དང་ཡར་རྒྱས་གཉིས་གཅིག་གིས་གཅིག་ལ་རྟེན་ཡོད་པ། ཁ་ལག་དང་རང་དབང་གཉིས་མཐུད་སྦྱོར་ཡིན་པ། རྒྱ་གར་ནི་མང་གཙོ་ལྡན་པའི་ཡར་རྒྱས་ཀྱི་ལམ་ལུགས་ཐོག་འགྲོ་བཞིན་ཡོད་ཁར། རྒྱ་ནག་གི་མང་གཙོ་མེད་པའི་ཡར་རྒྱས་ལམ་ལུགས་ལ་འགྲོ་བཞིན་ཡོད་པས། རྒྱ་གར་གྱི་གྲུབ་འབྲས་ནི་མང་གཙོའི་རྒྱལ་ཁ་ཡིན་པ་དང་། རྒྱ་གར་གྱི་ཕམ་ཁ་ནི་རྒྱ་ནག་གི་རྒྱལ་ཁ་ཡིན་པ། ཨེ་ཤི་ཡ་དང་ཨ་ཧྥེ་རི་ཀའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་ལམ་ལུགས་དེ་ལག་བསྟར་བྱེད་སྲིད་ཀྱང་། ཉེ་བའི་ཆར་པཱ་ཀི་སེ་ཐན་དང་སིང་གྷ་ལའི་ནང་གི་གནས་ཚུལ་ལ་བརྟེན་ནས། རྒྱ་ནག་གི་ལམ་ལུགས་དེས་དཔལ་འབྱོར་ཡར་རྒྱས་སྲ་བརྟན་ཡོང་བའི་ངེས་པ་མེད་པ་གསལ་སྟོན་བྱས་ཡོད་སྐོར་གསུངས་སོང་།

དྲི་བ་དྲིས་ལན་སྐབས་སུ། ཚོགས་ཞུགས་པ་ཞིག་གིས་བཙན་བྱོལ་བོད་མིའི་འོས་བསྡུ་སྐབས་སུ་མཉམ་ཞུགས་བྱེད་མཁན་གྱི་བརྒྱ་ཆ་ནི་༨༠ ནས་༨༨ ཡིན་པས། རྒྱ་གར་དང་བསྡུར་ན་ཤིན་ཏུ་མཐོན་པོ་ཡིན་པས། དེ་འདྲ་ཡོང་ཐབས་སུ་ག་རེ་བྱེད་དགོས་མིན་དྲིས་སྐབས། ཁོང་གིས་བྷེ་ར་ཛིལ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་འོས་བསྡུའི་ཉིན་མང་ཚོགས་རྣམས་གུང་གསེང་གཏོང་གི་ཡོད་པ་དང་། དེ་བཞིན་འོས་ཤོག་འཕེན་མཁན་ཚོར་སྤྱི་ཚོགས་འགན་ཁུར་གྱི་ཨང་ཀི་སྤྲོད་པའི་ལམ་ལུགས་ཡོད་པས། ལམ་ལུགས་དེ་ལག་བསྟར་བྱེད་ཐུབ་པ་དོན་ཕན་ལྡན་པ་མཐོང་གི་ཡོད་པ། བཙན་བྱོལ་བོད་མིའི་འོས་བསྡུ་དེ་ནི་རང་དབང་འཐབ་རྩོད་དང་འབྲེལ་བ་ཡོད་པས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་ལམ་ལུགས་གཞན་དང་མི་འདྲ་བར། བོད་མི་ཚོས་འོས་ཤོག་འཕེན་ཆེད་དུ་རང་དབང་དང་བླངས་དཔྱ་དངུལ་སྤྲོད་དགོས་ཀྱི་ཡོད་པ་རེད་དེ། ད་དུང་ཡང་འོས་འཕེན་པའི་བརྒྱ་ཆ་དེ་ཤིན་ཏུ་མཐོ་པོ་ཡོད་པ་དེར་དགའ་སྤོབས་ཆེན་པོ་ཡོད་སྐོར་གསུངས་སོང་། 

དེ་བཞིན་དྲི་བ་ཞིག་དང་འབྲེལ་ནས་ཁོང་གིས་བོད་ནང་དུ་གནས་སྟངས་ཛ་དྲག་ངང་གནས་ཡོད་པ་དང་། བོད་ནང་དུ་གནས་ཚུལ་མཁོ་གཏོང་བྱེད་རྒྱུ་ཁག་པོ་ཡིན་སྐོར་གསུངས་སོང་།

ཐེངས་འདིའི་ཚོགས་ཆེན་འདིའི་སྐབས་སུ་ཚོགས་ཞུགས་པ་ཤེས་ཡོན་པ་དང་སྲིད་དོན་མི་སྣ་སོགས་༤༠༠ ལས་མང་བ་འདུག་པ་དང་། གཏམ་བཤད་བྱེད་མཁན་༦༠ ལས་མང་བ་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།