སྲིད་འཛིན་ཊོམ་གྱིས་ཕོ་བྲང་དཀར་པོ་ནས་འགྲོ་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་འདུག
ཨ་རིའི་སྲིད་འཛིན་ལས་ཐོག་ཊོམ་གྱིས་གལ་སྲིད་འོས་བསྡུ་ལྷན་ཚོགས་(the electoral College) ནས་བྷ་ཌན་སྲིད་འཛིན་རྗེས་མ་ཡིན་པའི་གཏན་འཁེལ་བྱས་ན། ཁོང་ཕོ་བྲང་དཀར་པོ་ནས་མར་འགྲོ་རྒྱུ་ཡིན་ཞེས་གསུངས་འདུག
འདི་ལོའི་ཕྱི་ཟླ་༡༡ ཚེས་༣ ཉིན་བསྡུས་པའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་། མང་གཙོ་ཚོགས་པའི་འོས་མི་བྷ་ཌན་ལ་དབུས་འོས་བསྡུ་ལྷན་ཚོགས་ཀྱི་འོས་གྲངས་མང་བ་བྱུང་ནས་རྒྱལ་ཁ་ཐོབ་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་ཕལ་ཆེ་བའི་འགོ་ཁྲིད་དང་གནད་ཡོད་མི་སྣ་ཚོས་ཁོང་ལ་འཚམས་འདྲི་དང་རྟེན་འབྲེལ་ཞུས་ཟིན་ན་ཡང་། ལས་ཐོག་སྲིད་འཛིན་ཊོམ་གྱིས་འོས་བསྡུ་དེ་དྲང་བདེན་དང་ཁྲིམས་མཐུན་ཞིག་ཆགས་མེད་ཚུལ་བརྗོད་དེ་ད་བར་དངོས་སུ་འོས་བསྡུའི་གྲུབ་འབྲས་ལ་ཁས་ལེན་གནང་མེད།
བདུན་ཕྲག་འདིའི་རེས་གཟའ་ཕུར་བུའི་ཉིན་ལས་ཐོག་སྲིད་འཛིན་ཊོམ་གྱིས་གལ་སྲིད་འོས་བསྡུ་ལྷན་ཚོགས་ནས་བྷ་ཌན་སྲིད་འཛིན་དུ་གཏན་འཁེལ་བྱས་ན་ཁོང་ཕོ་བྲང་དཀར་པོ་ནས་འགྲོ་རྒྱུ་ཡིན་མིན་གྱི་སྐད་ཆ་དྲིར་པར། ཁོང་གིས་“ཡིན་དང་ཡིན། དེ་ཁྱེད་ཚོས་ཤེས་གསལ་རེད་”ཅེས་གསུངས་ནས་སྲིད་འཛིན་གྱི་གོ་གནས་འཇོག་གི་ཡིན་པའི་རྣམ་འགྱུར་བསྟན་འདུག
ཡིན་ན་ཡང་། དེ་དང་ཆབས་ཅིག་ཏུ་ཁོང་གིས་“གལ་སྲིད་འོས་བསྡུ་ལྷན་ཚོགས་ནས་བྷ་ཌན་གཏན་འཁེལ་བྱས་པ་ཡིན་ན། ཁོ་ཚོས་ནོར་འཁྲུལ་ཆེན་པོ་ཞིག་བསགས་པ་རེད་”ཅེས་བརྗོད་པའི་ཁར། “ང་ཚོས་འོས་བསྡུའི་ནང་གཡོ་བྱུས་ཆེན་པོ་ཞིག་བྱུང་བ་ཤེས་ཡོད་པས། འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་བྱེད་རྒྱུ་དེ་ཤིན་ཏུ་ཁག་པོ་ཆགས་ངེས་རེད་”ཅེས་ཁོང་ཕོ་བྲང་དཀར་པོ་ནས་བྲལ་ནའང་ཕམ་པ་གཏན་ནས་ཁས་ལེན་བྱེད་རྒྱུ་མིན་པའི་རྣམ་འགྱུར་ཡང་བསྟན་འདུག
སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་ནས་བདུན་ཕྲག་འགའ་ཕྱིན་ཟིན་ན་ཡང་། ཊོམ་གྱིས་བདུན་ཕྲག་འདིའི་ནང་གཞི་ནས་གཞུང་འབྲེལ་ཐོག་ནས་རྩིས་ལེན་རྩིས་སྤྲོད་ཀྱི་གྲ་སྒྲིག་བྱེད་པའི་ཆོག་མཆན་སྤྲད་ཡོད་པ་དང་། ཐག་གཅོད་དེའི་འོག་ནས་སྐུ་ཞབས་བྷ་ཌན་ལ་གསང་བའི་གནས་ཚུལ་གལ་ཆེན་ཤེས་རྟོགས་བྱེད་པ་དང་། གལ་གནད་ཆེ་བའི་གཞུང་གི་མི་སྣར་ཐུག་འཕྲད། ཨ་སྒོར་ས་ཡ་མང་པོའི་འགྲོ་གྲོན་གཏོང་བ་སོགས་ཆོག་ཡོད་འདུག
ཨ་རིའི་འོས་བསྡུ་ལྷན་ཚོགས་ནས་ཟླ་བ་རྗེས་མའི་ནང་དངོས་སུ་སྲིད་འཛིན་སུ་ཡིན་བསྒྲགས་རྒྱུ་ཡིན་འདུག་པ་དང་། གལ་སྲིད་སྐུ་ཞབས་བྷ་ཌན་ཡིན་པ་གཏན་འཁེལ་ན་ལོ་རྗེས་མའི་ཕྱི་ཟླ་༡ པོའི་ཚེས་༢༠ ཉིན་དངོས་སུ་དམ་འབུལ་ཞུ་རྒྱུ་ཡིན་འདུག
ཨ་རིའི་སྲིད་འཛིན་དམ་འབུལ་གྱི་ལུགས་སྲོལ་ལྟར་ན། སྲིད་འཛིན་ལས་ཐོག་གིས་བདམས་ཐོན་སྲིད་འཛིན་ཕོ་བྲང་དཀར་པོར་བསུས་ནས་དམ་འབུལ་ཞུ་སྲོལ་ཡོད་ནའང་། ཊོམ་གྱིས་བྷ་ཌན་གྱི་དམ་འབུལ་མཛད་སྒོར་བཅར་རྒྱུ་ཡིན་མིན་བཤད་རྒྱུ་མིན་ཞེས་བརྗོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
