སྲིད་འཛིན་ཊོམ་གྱིས་བོད་དང་འབྲེལ་བའི་ཁྲིམས་འཆར་ལ་མིང་རྟགས་བཀོད་འདུག
རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་མིན་ལ་མ་ལྟོས་པར། ཟླ་༡༢ པའི་ཚེས་༡༩ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས། བོད་ནང་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་ཐོབ་ཐང་གི་ཁྲིམས་འཆར་ལ་མིང་རྟགས་བཀོད་ནས་དངོས་སུ་ཁྲིམས་ལ་གཏན་འབེབས་བྱུང་འདུག
དེ་ཡང་ཟླ་༡༢ པའི་ཚེས་༡༡ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷི་ཡི་དང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ཀྲེ་མཱི་བྷོལ་ཌ་ཝེན་གཉིས་ཀྱིས། བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་ཐོབ་ཐང་གི་ཁྲིམས་འཆར་བཏོན་ནས་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག་པ་དང་། ཁྲིམས་འཆར་དེ་ནི་ཐོག་མར་གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་དང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱན་ཌི་ཧུལ་ཊ་གྷེ་རཱན་གཉིས་ཀྱིས་ཁྲིམས་འཆར་བཏོན་ནས་སྤྱི་མོས་རྒྱབ་སྐྱོར་ཐོབ་རྗེས། གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྤྱི་མོས་རྒྱབ་སྐྱོར་བྱས་ཡོད་པ་རེད།
ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་སྤྱི་མོས་རྒྱབ་སྐྱོར་ཐོབ་སྐབས་སུ། རྒྱབ་སྐྱོར་བྱེད་མཁན་མང་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རཱོ་བྷེར་ཌ་མཱེན་ནན་ཌིཛ་ཡིས། ཁྲིམས་འཆར་དེ་ནི་དྲང་བདེན་དང་འབྲེལ་བ་ཡོད་པ་དང་། རྒྱ་ནག་གི་མི་སེར་རྣམས་ཨ་རིར་ཡོང་རྒྱུའི་ཐོབ་ཐང་ཆེན་པོ་ཡོད་པ་དེ་ཡག་པོ་ཡིན་ཡང་། ཨ་རིའི་མི་སེར་དང་སློབ་མ། དེ་བཞིན་གཞུང་འབྲེལ་སྐུ་ཚབ་རྣམས་བོད་དུ་འགྲོ་རྒྱུའི་ཐོབ་ཐང་འདྲ་མཉམ་ཐོབ་ཀྱི་མེད་པ་དང་། དེའི་ནང་ཨ་རིའི་མི་སེར་ཡིན་པའི་བོད་རིགས་རྣམས་ཀྱང་རང་གི་ཕ་ཡུལ་དུ་འགྲོ་རྒྱུའི་ཐོབ་ཐང་མེད་པ་དེ་ནི་ཁས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པ། གལ་ཏེ་རྒྱ་ནག་ལ་རང་གི་ལས་བྱེད་དང་སློབ་མ། གསར་འགོད་པ། དེ་བཞིན་མི་སེར་གཞན་རྣམས་ཨ་རིར་རང་དབང་ཐོག་འགྲོ་བསྐྱོད་ཐུབ་པ་ཡོང་དགོས་ཀྱི་ཡོད་ན། ཨ་རིའི་མི་སེར་རྣམས་ཀྱིས་བོད་ཚུད་པའི་རྒྱ་ནག་ནང་དུ་རང་དབང་ངང་འགྲོ་བསྐྱོད་ཐུབ་པ་བཟོ་དགོས་སྐོར་བརྗོད་ཡོད་པ་རེད།
ཁྲིམས་འཆར་དེར་གྲོས་ཚོགས་གོང་འོག་གཉིས་ནང་སྤྱི་མོས་སུ་རྒྱབ་སྐྱོར་ཐོབ་པའི་རྗེས་སུ། ཟླ་༡༢ པའི་ཚེས་༡༤ ཉིན་རྒྱ་ནག་གཞུང་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས། ཁྲིམས་འཆར་དེ་དངོས་ཡོད་གནས་སྟངས་དང་མི་མཐུན་པ་མ་ཟད། རྒྱ་ནག་ནང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་དང་རྒྱལ་སྤྱིའི་འབྲེལ་ལམ་གྱི་སྒྲོམ་གཞི་དང་མི་མཐུན་པ་ཞིག་ཡིན་སྟབས། རྒྱ་གཞུང་ནས་བོད་ནང་རང་དབང་འདྲ་མཉམ་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་ལྟར་ཨ་རིའི་འབྲེལ་ཡོད་ཚོར་བརྡ་ལན་ཁ་གསལ་ཞིག་སྤྲད་ཡོད་སྐོར་དང་། བོད་དང་འབྲེལ་བའི་གནད་དོན་རྣམས་ཐད་ཀར་རྒྱ་ནག་རྒྱལ་ནང་གི་གནད་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། དེའི་ཐད་རྒྱལ་ཁབ་སུ་གང་ལའང་ཐེ་བྱུས་བྱ་རྒྱུའི་དབང་ཆ་མེད་པའི་ཉེན་བརྡ་བཏང་བ་ཡོད་ཀྱང་། ཟླ་༡༢ པའི་ཚེས་༡༩ ཉིན་ཨ་རིའི་སྲིད་འཛིན་གྱིས་ཁྲིམས་འཆར་དེར་མིང་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབས་བྱས་ཡོད་པ་རེད།
ཐེངས་འདིར་ཁྲིམས་འཆར་དེ་དངོས་སུ་ཁྲིམས་ལ་གཏན་འབེབས་བྱུང་བས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་མཱ་ཀྲིའོ་མཱེ་ཁ་སཱི་ཡིས། གནད་དོན་དེ་ནི་ཨ་རིའི་མི་སེར་དང་བོད་མི། དེ་བཞིན་འདྲ་མཉམ་དང་དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སོགས་ལ་སེམས་ཁུར་བྱེད་མཁན་ཚང་མར་གལ་ཆེན་གྱི་འཕོ་འགྱུར་ཞིག་རེད། ཨ་རིས་ཤུགས་རྐྱེན་དང་གསར་གཏོད་ལྡན་པའི་ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་བྱས་པ་དེས། རྒྱལ་སྤྱིའི་རྒྱལ་ཁབ་གཞན་གྱིས་མིག་དཔེ་བླངས་ནས་རྗེས་སུ་འཇུག་རྒྱུའི་ལམ་ཁ་བསྟན་ནས། རྒྱ་ནག་གཞུང་ལ་བོད་མིར་དབྱེ་འབྱེད་བྱས་པའི་མཇུག་འབྲས་བྱུང་རྒྱུ་ཡིན་པ་ངེས་ཤེས་རྙེད་དུ་བཅུག་རྒྱུ་ཡིན་སྐོར་བརྗོད་འདུག
ཁྲིམས་འཆར་དེ་གྲོས་ཚོགས་འོག་མའི་ནང་བཏོན་མཁན་གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་གྱིས། སྲིད་འཛིན་ཊོམ་གྱིས་ཁྲིམས་འཆར་དེར་མིང་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབས་བྱུང་བར་དགའ་པོ་བྱུང་བ་དང་། རྒྱ་ནག་གིས་རྒྱུན་རིང་ནས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་རྣམས། བོད་དུ་འགྲོ་བསྐྱོད་བཀག་སྡོམ་བྱས་ཏེ་དངོས་ཡོད་གནས་སྟངས་སྦས་ཀྱི་ཡོད་པ་རེད་དེ། བྱེད་ལས་དེ་རིགས་ལ་མཇུག་འབྲས་ཡོད་པ་ལྟར། ཐེངས་འདིར་བོད་ནང་འགྲོ་བསྐྱོད་བཀག་སྡོམ་བྱེད་མཁན་གྱི་རྒྱ་ནག་གི་དཔོན་རིགས་ཚོ་འགན་ཁུར་དགོས་པ་བཟོ་བའི་བརྒྱུད་རིམ་ལ་གོམས་པ་དང་པོ་སྤོས་ཡོད་སྐོར་དང་། ཁོང་གིས་ཁྲིམས་དེ་ལག་བསྟར་བྱེད་པའི་བརྒྱུད་རིམ་ལ་དོ་སྣང་ཆེན་པོ་བྱེད་རྒྱུ་ཡིན་པ་དང་། བོད་མིའི་ཆོས་དང་རིག་གཞུང་གི་རང་དབང་འཐབ་རྩོད་ལ་མུ་མཐུད་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་ཐོག་ཏུ་གནས་ཚུལ་བཀོད་པར་གཞིགས་ན། ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་ཡོང་ཆེད་དུ། ཕྱི་ལོ་༢༠༡༤ ལོ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་ཁག་དང་། ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་བཅས་མཉམ་དུ་འབྲེལ་མཐུད་བྱས་ཏེ་འབད་བརྩོན་བྱས་ཡོད་འདུག ལས་འགུལ་ཁང་དེའི་ཚོགས་མི་དང་དེ་བཞིན་ཨ་རིའི་མི་སེར་ཡིན་པའི་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱེད་མཁན་སྟོང་ཕྲག་མང་པོས། རང་ཁོངས་ཀྱི་གྲོས་ཚོགས་འཐུས་མི་ཚོར་འབྲེལ་བ་བྱས་ཏེ་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱེད་པའི་འབོད་སྐུལ་བྱས་ཡོད་པ་རེད་འདུག
ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་བྱུང་རྗེས། ཉིན་གྲངས་༩༠ ཡི་ནང་ཚུད་དུ་ཨ་རིའི་ཕྱི་སྲིད་ལས་ཁང་གི་དྲུང་ཆེས། བོད་ནང་དུ་ཨ་རིའི་མི་སེར་འགྲོ་བསྐྱོད་ཀྱི་ཚད་གཞིའི་ཐོག་ཉམས་ཞིབ་བྱས་ཏེ། འགྲོ་བསྐྱོད་བཀག་འགོག་བྱེད་པའི་ལས་དོན་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་ལས་བྱེད་རྣམས་ངོས་འཛིན་བྱས་པའི་སྙན་ཐོ་ཞིག་གྲོས་ཚོགས་གོང་འོག་གཉིས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་། ཁྲིམས་ཞིབ་ལས་དོན་ཚོགས་ཆུང་བཅས་ཁག་སོ་སོར་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་འདུག་པ་དང་། དེའི་རྗེས་ཀྱི་ལོ་ལྔ་ཡི་རིང་བསྟུད་མར་སྙན་ཐོ་དེ་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་འདུག གལ་ཏེ་རྒྱ་ནག་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་ཐོབ་ཐང་གི་ཁྲིམས་ལག་བསྟར་མ་བྱས་ཚེ། ཨ་རིའི་ཕྱི་སྲིད་ལས་ཁང་གིས་འབྲེལ་ཡོད་རྒྱ་ནག་གི་ལས་བྱེད་རྣམས་ཨ་རིར་བསྐྱོད་པའི་ཐོངས་མཆན་སྤྲོད་རྒྱུ་བཀག་འགོག་བྱེད་དགོས་ཀྱི་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས། ཁྲིམས་འཆར་དེ་དངོས་སུ་ཁྲིམས་ལ་གཏན་འབེབས་བྱུང་བར་དགའ་བསུ་ཞུས་ནས། སྙིང་སྟོབས་ཅན་གྱི་ལས་དོན་དེས་བོད་ནང་གི་བོད་མི་ཚོར་དྲང་བདེན་དང་རེ་བའི་བརྡ་ལན་སྤྲོད་རྒྱུ་ཡིན་པ་དང་། བོད་མི་ས་ཡ་དྲུག་གི་ཚབ་ཞུས་ཏེ་སྲིད་འཛིན་ཊོམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཁྲིམས་འཆར་དེ་དངོས་སུ་ཁྲིམས་ལ་གཏན་འབེབས་ཡོང་ཆེད་དུ། ཨ་རིའི་གྲོས་ཚོགས་ཀྱིས་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ལས་འགུལ་དེ་མཉམ་ལས་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་སྐོར་གསུངས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།