སྲིད་འཛིན་ཊོམ་གྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་རོགས་དངུལ་ཡོངས་སུ་གཏོང་མཚམས་འཇོག་རྒྱུའི་འཇིགས་སྐུལ།
ཨ་རིའི་སྲིད་འཛིན་ཊོམ་གྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་རོགས་དངུལ་གཏན་དུ་གཏོང་མཚམས་འཇོག་རྒྱུ་ཡིན་པ་དང་། ཨ་རི་ལྷན་ཚོགས་དེ་ལས་ཕྱིར་འབུད་བྱ་དགོས་མིན་ཐོག་བསམ་གཞིགས་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་གནང་འདུག
ཕྱི་ཟླ་ ༥ ཡི་ཨ་རིའི་ཚེས་ ༡༨ རེས་གཟའ་ཟླ་བའི་ཉིན་སྲིད་འཛིན་ཊོམ་གྱིས་ཋའུ་ཋར་དྲ་བའི་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་(WHO)ཀྱི་ཚོགས་གཙོ་ལ་བསྐུར་བའི་ཡི་གེ་ཤོག་ངོས་བཞི་ཅན་ཞིག་བཞག་པའི་ནང་། རྒྱ་ནག་གི་གནོན་ཤུགས་འོག་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་བྱས་ཉེས་དང་འཐུས་ཤོར་གང་དང་ཅི་ཞིག་བྱས་པ་རྣམས་དུས་ཚོད་ཀྱི་བྱུང་རིམ་དང་སྦྱར་ནས་གསལ་འདོན་བྱས་པ་མ་ཟད། “འཛམ་གླིང་འཕྲོད་ལྷན་ཚོགས་མདུན་སྐྱོད་བྱེད་པའི་ཐབས་ལམ་གཅིག་རང་ཡོད་པ་དེ་རྒྱ་ནག་ལས་དངོས་སུ་རང་དབང་ཅན་གྱི་ཚོགས་པ་ཞིག་ཡིན་པ་ར་སྤྲོད་གསལ་སྟོན་བྱེད་རྒྱུ་དེ་ཡིན་”སྐོར་བཀོད་འདུག
དེ་ཡིས་མ་ཚད། ཁོང་གིས་ད་དུང་“གལ་སྲིད་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་འབྱུང་འགྱུར་ཉིན་ ༣༠ ནང་ཡང་དག་པའི་སྒྱུར་བཅོས་ཆེན་པོ་ཞིག་གཏོང་མ་ཐུབ་པ་ཡིན་ན། ངས་གནས་སྐབས་རིང་བཀག་སྐྱིལ་བྱས་པའ་་རོགས་དངུལ་དེ་གཏན་དུ་མཚམས་འཇོག་དང་། ང་ཚོ་ལྷན་ཚོགས་དེ་ནས་ཕྱིར་འབུད་བྱ་དགོས་མིན་ཐོག་ལ་བསྐྱར་དུ་བསམ་གཞིགས་བྱེད་རྒྱུ་ཡིན་”ཞེས་གསུངས་འདུག
ཨ་རི་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་རོགས་དངུལ་གཏོང་མཁན་གྱི་རྒྱལ་ཁབ་གཙོ་བོ་དེ་ཡིན་འདུག་ཅིང་། ་ལོ་སྔོན་མར་ལྷན་ཚོགས་དེར་བཏང་བའི་རོགས་དངུལ་ཨ་སྒོར་ས་ཡ་ ༤༠༠ ལྷག་ཡིན་འདུག་ཅིང་། དེ་དང་བསྡུར་ན་རྒྱ་ནག་གིས་ཚོགས་པ་དེར་ཨ་སྒོར་ས་ཡ་ ༣༠ ལྷག་ལས་བཏང་ཡོད་མི་འདུག
གཞན་ཡང་། བདུན་ཕྲག་འདིར་འཚོགས་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག ཨོ་སི་ཁྲུ་ལི་ཡས་འཛམ་གླིང་ཁྱོན་དུ་ཁྱབ་པའི་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལ་རང་དབང་ལྡན་པའི་ཞིབ་འཇུག་དགོས་པའི་གྲོས་འཆར་བཏོན་པ་ལ། ཚོགས་མི་རྒྱལ་ཁབ་ ༡༩༠ ལས་ ༡༡༠ ཡི་མོས་མཐུན་རྒྱབ་སྐྱོར་ཐོབ་སྟེ་དངོས་སུ་ལག་བསྟར་དེ་ལྟར་བྱེད་འཆར་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
