སྲིད་འཛིན་ཊོམ་གྱིས་ཧོང་ཀོང་གི་དམིགས་བསལ་ཐོབ་ཐང་མཚམས་གཅོད་དགོས་པའི་བཀའ་བཏང་འདུག

རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་པ་དངོས་སུ་གཏན་འབེབས་ལག་བསྟར་བྱེད་འཆར་གྱི་ཡ་ལན་དུ། ཨ་རིའི་སྲིད་འཛིན་ཊོམ་གྱིས་སོ་སོའི་གཞུང་ལ་ཧོང་ཀོང་གི་དམིགས་བསལ་ཐོབ་ཐང་རྣམས་མཚམས་འཇོག་བྱེད་པའི་འགོ་རྩོམ་དགོས་པའི་བཀའ་ཕབ་ཡོད་འདུག 

ཕྱི་ཟླ་ ༥ ཨ་རིའི་ཚེས་ ༢༩ རེས་གཟའ་པ་སངས་ཉིན་ཕོ་བྲང་དཀར་པོར་བསྡུས་པའི་གསར་འགོད་གསལ་བསྒྲགས་ཀྱི་སྟེང་དུ། སྲིད་འཛིན་ཊོམ་གྱིས་རྒྱ་ནག་གིས་ཧོང་ཀོང་རང་སྲིད་རང་སྐྱོང་དུ་འཇོག་པའི་དམ་བཅའ་དེ་རྩིས་མེད་བཏང་ཚུལ་གསུངས་ཤིང་། དེ་ནི་ཧོང་ཀོང་མི་མང་གི་ཆག་སྒོ་ཆེན་པོ་ཞིག་ཡིན་པའི་འགྲེལ་བརྗོད་གནང་འདུག 

ཁོང་གིས་“ང་ཚོས་ཧོང་ཀོང་གི་དམིགས་བསལ་ཐོབ་ཐང་རྣམས་མེད་པ་བཟོ་རྒྱུ་ཡིན་”ཞེས་གསུངས་པའི་ཁར། ཧོང་ཀོང་གི་རང་སྲིད་རང་སྐྱོང་མེད་པ་བཟོ་མཁན་གྱི་་བྱེད་གཏེ་རྣམས་ལའང་ཉེས་ཆད་གཅོད་རྒྱུ་ཡིན་ཚུལ་བསྣན་འདུག

སྲིད་འཛིན་ཁོང་གིས་ད་དུང་རྒྱ་ནག་ནས་ཡོང་བའི་དོགས་ཡོད་མི་སྣ་རྣམས་ཨ་རི་མཚམས་བཞག་སྟེ་ཨ་རིའི་སློབ་གྲྭ་ཆེན་མོ་རྣམས་ཀྱི་གལ་ཆེའི་ཞིབ་འཇུག་ལས་དོན་དག་སྲུང་སྐྱོབ་བདག་ཉར་སྔར་ལས་ལྷག་པ་བྱེད་དགོས་ཚུལ་གསུངས་པ་དང་།སྒྲིག་གཞི་གསར་པ་དེས་ཨ་རིའི་མཐོ་སློབ་ཏུ་ཡོད་པའི་རྒྱ་ནག་གི་མཐར་ཕྱིན་སློབ་མ་༣,༠༠༠ནས་༥,༠༠༠ཙམ་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ཚོད་དཔག་བྱས་ཡོད་འདུག 

གཞན་ཡང་།ཁོང་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཡོངས་སུ་རྒྱ་ནག་གི་དབང་སྒྱུར་སྟངས་འཛིན་འོག་ཏུ་ཡོད་སྟབས།ཨ་རིས་འཛམ་གླིང་གི་ཚོགས་པ་དེ་དང་གཏན་དུ་འབྲེལ་ཐག་བཅད་དེ་རོགས་སྐྱོར་མ་དངུལ་འབོར་ཆེན་དེ་ཚོགས་པ་གཞན་ལ་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག། 

གསར་འགོད་པ་དཀོན་མཆོག་རབ་བརྟན།