སྲིད་འཛིན་ཊོམ་རྒྱགས་དྲགས་ཀྱང་ཀླད་པ་ཐང་ཐང་ཡིན་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་སྨན་པས། ཁོང་ཤ་རྒྱགས་དྲགས་ཀྱི་ཡོད་པ་དང་ལུས་སྦྱོང་མང་པོ་བྱེད་དགོས་ཀྱི་ཡོད་ཀྱང་། སྤྱི་ཡོངས་ནས་འཕྲོད་བསྟེན་ལེགས་པོ་ཡོད་ཁར་ཀླད་པ་ཐང་ཐང་ཡིན་སྐོར་བརྗོད་འདུག

ཟླ་༡ པོའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་སྲིད་འཛིན་ཊོམ་གྱི་སྐོར་ལ་དེབ་ཅིག་བཏོན་ཡོད་པ་དང་། དེའི་ནང་རྩོམ་པ་པོས་སྲིད་འཛིན་ཁོང་གི་ཀླད་པ་ཐང་ཐང་མེད་པ་དང་། ཕོ་བྲང་དཀར་པོའི་ལས་བྱེད་ཚོས་ཁོང་ནི་རང་འདོད་ཁེངས་པའི་ཚིམ་སྣང་དགོས་མཁན་ཕྲུ་གུ་ཆུང་ཆུང་བཞིན་མཐོང་གི་ཡོད་སྐོར་བྲིས་ཡོད་རེད། དེབ་དེའི་ཐད་ཨ་རིའི་ནང་བགྲོ་གླེང་མང་པོ་བྱུང་ཡོད་པས། བདུན་ཕྲག་སྔོན་མར་སྲིད་འཛིན་ཊོམ་གྱིས་སྲིད་འཛིན་ལས་ཁུར་གནང་ནས་ཐེངས་དང་པོར་འཕྲོད་བསྟེན་བརྟག་དཔྱད་བྱས་ཡོད་འདུག

བརྟག་དཔྱད་ཀྱི་གྲུབ་དོན་ལ་གཞིགས་ནས་སྲིད་འཛིན་སྒེར་གྱི་སྨན་པ་རཱོ་ནི་ཇེག་སོན་གྱིས། གྲུབ་དོན་ལ་གཞིགས་ན་སྲིད་འཛིན་ཁོང་གི་འཕྲོད་བསྟེན་ཡག་པོ་ཡིན་པ་དང་། སྲིད་འཛིན་གྱི་དུས་ཡུན་རིང་དེ་ལྟར་གནས་རྒྱུ་ཡིན་པ། ཀླད་པའི་བྱེད་ལས་ལ་དཀའ་ངལ་གང་ཡང་མེད་ཀྱང་། ལུས་པོ་རྒྱགས་དྲགས་ཡོད་པས་ལུས་སྦྱོང་བྱེད་དགོས་ཀྱི་ཡོད་སྐོར་བརྗོད་འདུག

རང་ལོ་༧༡ སོན་པའི་སྲིད་འཛིན་ཊོམ་གྱིས་དེ་སྔོན་སྲིད་འཛིན་འོས་བསྡུའི་འོས་མིར་ལངས་སྐབས། ཁོང་གི་རྒྱུན་རིང་སྒེར་གྱི་སྨན་པས་ཊོམ་ནི་ད་བར་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་བའི་སྲིད་འཛིན་ཁོངས་སུ་འཕྲོད་བསྟེན་ལེགས་ཤོས་དེ་ཆགས་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

ལོ་སྔོན་མ་དང་བསྡུར་ན་སྲིད་འཛིན་ཊོམ་གྱི་ལུས་པོའི་ལྗིད་ཚད་ཀི་ལོ་གྷེ་རམ་༡.༣༦༠༧༨ གྱིས་འཕར་ཡོད་འདུག་པས། སྒེར་གྱི་སྨན་པ་དང་ལྷན་དུ་ལུས་སྦྱོང་དང་ཟས་སྤྱོད་ཀྱི་ལས་གཞིར་མཉམ་ཞུགས་བྱ་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།