སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་སྨད་ཚོང་མ་ཞིག་དང་འབྲེལ་བའི་ནག་ཉེས་ཕོག་ཡོད་འདུག

ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནམ་ཊམ་ལ་ནག་ཉེས་༣༤ ཕོག་ཡོད་འདུག་པ་དང་།  དེ་ཡང་གྱོད་གཞི་ཚང་མ་དངུལ་དང་བུད་མེད་སོགས་འབྲེལ་བའི་གནད་དོན་ཡིན་འདུག་ལ། ཨ་རིའི་ལོ་རྒྱུས་ཐོག་སྲིད་འཛིན་ཞིག་འདི་ལྟར་ནག་ཉེས་མང་པོ་ཕོག་པ་དང་པོ་ཡིན་འདུག

ཕྱི་ཚེས་༣༡ ཉིན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་ཟུར་བ་ཌོ་ནལ་ཊམ་ལ་གྱོད་གཞི་༣༤ ཡི་ནག་ཉེས་ཕོག་ཡོད་འདུག་པ་དང་། ནག་ཉེས་དེ་དག་ནི་ཕྱི་ལོའི་༢༠༡༦ འོས་བསྡུའི་སྐབས་སུ་དངུལ་བེད་སྤྱོད་ལོག་པ་བཏང་བའི་གནད་དོན་ཡིན་འདུག དེ་སྔོན་གློག་བརྙན་འཁྲབ་སྟོན་པ་དང་སྨད་འཚོང་མ་བུད་མེད་(Stormy Daniels)་ཟེར་བ་ཞིག་དང་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གཉིས་བར་ཕོ་མོའི་འབྲེལ་བ་བྱུང་ཡོད་འདུག་པར་བརྟེན། བུད་མེད་དེ་ཡིས་ཕྱི་ལོ་༢༠༡༦ གི་འོས་བསྡུའི་སྐབས་སུ་ཁོང་མོ་ལ་ཌོ་ནམ་ཊམ་གྱིས་མི་འདོད་ཞིག་ཏུ་བཙན་གཡེམ་གྱིས་ལུས་འབྲེལ་བྱས་ཡོད་ཚུལ་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་འདུག  སྐབས་དེ་དུས་འོས་བསྡུ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་བུད་མེད་དེའི་གནད་དོན་དེ་ཕྱིར་བསྒྲགས་མི་བྱེད་པའི་ཆེད་དུ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་བུད་མེད་དེ་ལ་ཨ་སྒོར་༡༣༠༠༠༠ ལྐོག་དངུལ་སྤྲད་ནས་གནད་དོན་དེ་འགོག་ཐབས་བྱས་ཡོད་པའི་གནད་དོན་དང་། གཞན་སྲིད་འཛིན་གྱི་ལས་མཚམས་བཞག་རྗེས་སུ་ཕོ་བྲང་དཀར་པོ་ནས་གནད་འགག་ཅན་གྱི་གཞུང་གི་ཡིག་ཆ་མང་པོ་ཞིག་སྒེར་གྱི་ཁྱིམ་ནང་དུ་ཁྱེར་བའི་གནད་དོན་སོགས་ཀྱི་གནད་དོན་འགའ་ཤས་བྱུང་ཡོད་འདུག དེ་དག་ལས་གནད་དོན་གལ་ཆེ་བ་ཞིག་ནི་ཌོ་ནལ་ཊམ་དང་བུད་མེད་གཉིས་བར་གྱི་གནད་དོན་དེ་ཡིན་འདུག རྒྱུ་མཚན་བུད་མེད་དེ་ནི་སྨད་ཚོང་མ་གྲགས་ཅན་ཞིག་ཡིན་འདུག་པ་དང་། བུད་མེད་དེ་དང་འབྲེལ་བ་འབྱུང་དུས་ཌོ་ནལ་ཊམ་དང་ཁོང་གི་ད་ལྟའི་བཟའ་ཟླ་གཉིས་གཉེན་སྒྲིག་བྱས་ཟིན་ཡོད་འདུག གལ་སྲིད་གནད་དོན་དེ་ཕྱི་ལོ་༢༠༡༦ ལོའི་འོས་བསྡུའི་སྐབས་སུ་སྤྱི་ཚོགས་ནང་ཁྱབ་བརྡལ་ཕྱིན་ཡོད་ཚེ་ཌོ་ནམ་ཊམ་འོས་བསྡུ་དེའི་ཁྲོད་རྒྱལ་ཁབ་ཐོབ་རྒྱུ་ལ་གནོད་སྐྱོན་ཆེན་པོ་ཡོང་ཉེན་ཡོད་འདུག་པར་བརྟེན། ཁོང་གིས་ལྐོག་དངུལ་སྤྲད་ནས་བུད་མེད་དེའི་ཁ་བཀག་ཡོད་འདུག ད་ཆར་གནད་དོན་དེ་ལ་དཔང་རྟགས་པར་རིས་དང་། ལག་པས་བྲིས་པའི་ཡི་གེ། འཕྲིན་ཐུང་སོགས་ཀྱི་དཔང་རྟགས་མང་པོ་རག་པའི་རྐྱེན་གྱིས་ཁོང་ལ་ནག་ཉེས་མང་པོ་ཕོག་ཡོད་འདུག ཁོ་རང་གིས་ཀྱང་བུད་མེད་དེ་ལ་དངུལ་སྤྲད་ཡོད་ཚུལ་ཁས་ལེན་བྱས་ཡོད་འདུག་ཀྱང་། ཁོང་མོའི་ཁྱིམ་མི་རྣམས་ལ་ཡིན་ཚུལ་ལས་གནད་དོན་དེ་འདྲ་མིན་ཚུལ་སོགས་ཀྱིས་ཁས་ལེན་བྱེད་ཀྱི་ཡོད་མི་འདུག ཐེངས་འདིར་སྲིད་འཛིན་ཟུར་པ་ཌོ་ནམ་ཊམ་ལ་ནག་ཉེས་ཕོག་ཡོད་འདུག་ཀྱང་། ཉེས་ཆད་ག་རེ་གཅོད་རྒྱུ་ཡིན་མིན་ད་དུང་ཐག་གཅོད་བྱས་ཡོད་མི་འདུག་པས་འགས་ཤས་ཀྱིས་ལོ་བཞིའི་རིང་བཙོན་འཇུག་བྱེད་སྲིད་པ་ཡིན་པར་རྗོད་ཀྱི་ཡོད་འདུག འོན་ཀྱང་། ཡོང་རྒྱུའི་ཕྱི་ཟླ་༡༡ ནང་ཨ་རིའི་འོས་བསྡུ་ཡིན་འདུག་པར་བརྟེན། འོས་བསྡུའི་ཁྲོད་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་བཀག་འགོག་བྱེད་ཀྱི་མ་རེད་ཅེས་གསར་ལམ་ཁག་ནང་ཤོད་བཞིན་འདུག་ཀྱང་། ཁོ་རང་གི་འོས་གྲངས་ལ་གནོད་སྐྱོན་འབྱུང་སྲིད་པའི་གླེང་སློང་བྱེད་བཞིན་ཡོད་འདུག སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཐེངས་འདིའི་གནད་དོན་ཁྲོད་ཁོང་ལ་དྲང་པོ་བྱས་མེད་ཚུལ་དང་། ཁྲིམས་དཔོན་ཚང་མ་དམངས་གཙོ་ཚོགས་པའི་ཉོས་ཟིན་ཡོད་པར་བརྟེན། ཁོང་ལ་ནག་ཉེས་དེ་འདྲ་མང་པོ་ཕོག་ཡོད་པ་ལས་ཁྲིམས་དཔོན་དྲང་པོ་བྱེད་མཁན་ཞིག་ཡིན་ན་ང་ལ་ནག་ཉེས་མེད་། ང་རང་ཉིད་ནི་ནག་ཉེས་མེད་པའི་མི་སེར་ཕལ་པ་ཞིག་ཡིན། ང་ལ་ནག་ཉེས་ཡོད་མིན་དེ་ཕྱི་ཟླ་༡༡ ནང་གི་འོས་བསྡུའི་ཁྲོད་ནས་མི་མང་གིས་སུ་ལ་རྒྱབ་སྐྱོར་བྱེད་མིན་ལྟ་ཆོག་ཅེས་བརྗོད་ཡོད་འདུག སྤྱི་མཐུན་ཚོགས་པའི་ཁྲོད་ནས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ཁོང་འདི་ལོའི་འོས་བསྡུའི་ཁྲོད་ཀྱི་འོས་མིར་བདམས་ཡོད་འདུག ཨ་རིའི་མི་མང་ཁྲོད་ནས་འགའ་ཤས་ཀྱིས་ཐེངས་འདིའི་གནད་དོན་ཁྲོད་ཌོ་ནལ་ཊམ་ལ་ནག་ཉེས་ཕོག་པ་ནི་ཁྲིམས་དྲང་པོ་བྱས་མེད་ཚུལ་དང་། ཡང་འགའ་ཤས་ཀྱིས་ཁོང་ལ་ནག་ཉེས་ཕོག་པ་ནི་ཁྲིམས་ལུགས་ཀྱིས་བདེན་པ་ལ་རྒྱབ་སྐྱོར་བྱས་པ་རེད་ཅེས་དང་། ཡང་འགའ་ཤས་ཀྱིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་དེ་དག་སྐྱོ་དྲགས་ནས་རྩོད་ཡག་པོ་ཞིག་བྱེད་ཐུབ་མེད་ཚུལ་སོགས་རྗོད་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།