སྲིད་སྐྱོང་གི་འོས་བསྡུ་རྩེད་ཆས་མ་རེད།


བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༧༡ །

ཕྱི་ལོ་༢༠༢༦ ལོ་ནི་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང། གྲོས་ཚོགས་ཀྱི་འཐུས་མི་བཅས་ཀྱི་འོས་བསྡུ་ཆེན་མོའི་ལོ་ཡིན་པ་དང། བཙན་བྱོལ་བོད་མིའི་མང་གཙོ་མི་ལོ་ཧྲིལ་པོ་༦༥ ལྷག་ཙམ་སོང་བའི་སྐབས་རེད། སྤྱིར་མི་ལོ་བདུན་ཅུ་ལ་ཉེ་བའི་དུས་ཡུན་ནི་ཆ་སྙོམ་ཐོག་ནས་མི་གཅིག་གི་ཚེ་ཚད་ལྟ་བུ་ཡིན་པས། བཙན་བྱོལ་བོད་མི་ལ་མང་གཙོའི་ལམ་ལུགས་ཀྱི་གོམས་གཤིས་སམ་ལེགས་བྱང་ཚད་ལྡན་ཞིག་འཇགས་པར་དུས་ཚོད་ཀྱིས་མི་འདེང་བ་ཞིག་ཕལ་ཆེར་མ་རེད། རྒྱལ་ཁབ་ཅིག་གི་མང་གཙོའི་འཕེལ་རིམ་ཐོག་ནས་བལྟས་ན་མི་ལོ་བདུན་ཅུ་ལ་ཉེ་བའི་མང་གཙོའི་ལོ་རྒྱུས་ནི་རིང་པོ་ཞིག་གང་ཡང་མིན་པས། ད་དུང་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ནི་ན་ཆུང་བྱིས་པ་ཞིག་གི་ཚོད་དུ་ཡོད་ཅེས་བརྗོད་ནའང་ཆོག། དུས་ཡུན་རིང་པོར་མང་གཙོའི་ལམ་ལུགས་ལག་བསྟར་བྱས་པའི་རྒྱལ་ཁབ་ཁག་ཏུ་མང་གཙོའི་ལྟ་གྲུབ་ལས་བརྒལ་བའི་སྐྱོན་ཆ་ཇི་སྙེད་ཅིག་ཡོང་གི་ཡོད་སྟབས་བཙན་བྱོལ་བོད་མིའི་མང་གཙོ་ལ་འཐུས་མ་ཚང་བའི་ཆ་ཡོད་མི་སྲིད་པ་ཞིག་གང་ཡང་མ་རེད།
བཙན་བྱོལ་བོད་མི་ལ་མཚོན་ན་མིའི་ལུང་པར་སྐྱབས་བཅོལ་དུ་གནས་པའི་སྲིད་གཞུང་ཞིག་ཡོད་པ་ཙམ་ལས། རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་མིན་ནའང། ང་རང་ཚོ་ལ་དབང་བའི་སྒྲོམ་གཞི་དང་སྒྲིག་འཛུགས། འཛིན་སྐྱོང་དང། གྲོས་ཚོགས། ཁྲིམས་ཞིབ་ཁང་སོགས་མང་གཙོའི་ཀ་བ་གསུམ་ཆ་ཚང་ཡོད་པས། མི་ལ་བརྒྱ་ཡོད་སྟོང་ཡོད་ཡིན་ཡང། རང་ལ་མ་ཡོད་དེ་ཡོད་ཡིན་ཞེས་པའི་དཔེ་ལྟར་གྱུར་ཡོད་པས་ཚང་མས་གལ་ཆེན་པོར་བརྩི་དགོས་ངེས་རེད། སྲིད་སྐྱོང་གི་འོས་གཞི་ལ་དམའ་མཐའི་ཆ་རྐྱེན་ཞིག་ཡོད་ཀྱང། དེ་ཚང་ཙམ་གྱིས་ཚང་མ་ལང་འོས་པ་ཞིག་གཏན་ནས་མ་རེད། འདས་པའི་སྐབས་ཁ་ཤས་ནས་ནུས་པ་དང་རེ་བ་གང་ཡང་མེད་པའི་མི་རེ་ཟུང་གིས་རྩེད་མོ་ལྟ་བུ་བྱས་ནས་སྲིད་སྐྱོང་དུ་ལང་རྒྱུའི་ཁྱབ་བསྒྲགས་སྤེལ་ཡོད་པ་དང། ལོ་འདིར་རྩ་མ་ཚང་པ་ལྟ་བུའི་མི་རེ་ཟུང་ཡང་སྲིད་སྐྱོང་དུ་ལང་རྒྱུ་ཡིན་ཚུལ་ཕྱིར་བསྒྲགས་བྱས་འདུག དོན་དངོས་མི་འདི་དག་གིས་རང་ཉིད་ལ་འོས་ཤོག་བརྒྱ་ཙམ་རག་རྒྱུའི་རེ་བ་མེད་པ་གསལ་པོ་ཤེས་བཞིན་དུ་རྒྱ་ཆེའི་མི་མང་ལ་མཐོང་ཆུང་རེད།
སྲིད་སྐྱོང་བྱེད་པའི་ནུས་པ་ཡོད་པ་ལྟ་ཅི། སྤྱིར་བཏང་གི་ཤེས་ཡོན་ཙམ་དང། འཇོན་ཐང། བྱས་རྗེས་སྣ་གཅིག་སྟོན་རྒྱུ་མེད་པ་མ་ཟད། ཐ་ན་མི་གཞི་ཀུན་སྤྱོད་ཀྱི་ཐོག་ནས་ཚད་ཐིག་གཏན་ནས་མེད་པ་དག་གིས། ༧གོང་ས་མཆོག་གི་ཚབ་བྱས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་སྣེ་ཁྲིད་པ་བྱེད་རྒྱུ་ཡིན་ཞེས་བརྗོད་པ་ཙམ་གྱིས་བོད་རིགས་རྒྱ་ཆེའི་མི་མང་ལ་མཐོང་ཆུང་ཁྱད་གསོད་བྱས་པ་ཙམ་མ་ཡིན་པར། རང་ཉིད་མི་ཚང་མས་འཕྱ་ལད་དང་མཐོང་ཆུང་ཁྱད་གསོད་བྱེད་ཡུལ་ཞིག་ཏུ་འགྱུར་གྱི་ཡོད་པ་ཤེས་བཞིན་དུ་སྤྲེའུས་སྤྲང་རྩེད་འཁྲབ་པ་བཞིན་གཞན་གྱིས་དོ་སྣང་ཅུང་ཙམ་རེ་རག་ཆེད་ཆེ་མཐོང་དང་བླང་དོར་གྱི་ཚད་གཞི་ཆ་ཚང་བློས་གཏོང་བྱས་པ་ནི། དོན་དངོས་སུ་མི་དེ་དག་གིས་རང་ཉིད་ལའང་མཐོང་ཆུང་དང་ཁྱད་གསོད་བྱས་པ་ཞིག་རེད། ཁ་གསལ་ཙམ་བཤད་ན་མི་འདི་དག་གིས་ངོ་ཚ་ཡང་ཤེས་ཀྱི་མེད་པས་ད་དུང་བོད་དོན་འཐབ་རྩོད་དང། གཞིས་བྱེས་བོད་མིའི་འགོ་འཁྲིད་རྒྱུ་ཡིན་ཚུལ་བརྗོད་པ་ནི་ཕྱོགས་གང་ནས་བལྟས་ཀྱང་མ་རུང་པའི་བྱ་སྤྱོད་ཉག་གཅིག་ཏུ་གྱུར་ཡོད།
དེ་བཞིན་སྲིད་སྐྱོང་དང་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་དང་སྤྱི་འཐུས། ཁྲིམས་ཞིབ་པ་རྣམ་པ་དང་རང་དབང་ལྡན་པའི་འགན་འཛིན་རྣམ་པ་བཅས་བཙན་བྱོལ་བོད་གཞུང་གི་མཛད་གཙོ་ལས་ཐོག་པ་ཞིག་ལ་མཚོན་ནའང། གཞན་རྒྱུ་མཚན་དུ་བྱས་ནས་ངོ་ཚ་དང། རང་རྒྱུ་མཚན་དུ་བྱས་ནས་ཁྲེལ་ཡོད་ཅེས་ངོ་ཚ་ཞེ་ཁྲེལ་གཏན་ནས་མེད་པའི་མི་ཞིག་ཡིན་ན་འོས་གཞིར་གསལ་བའི་དམའ་མཐའི་ཆ་རྐྱེན་དེ་ཚང་གི་ཡོད་ནའང། དོན་དངོས་ཀྱི་ཆ་རྐྱེན་དེ་གཏན་ནས་ཚང་མེད། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་གོམས་གཤིས་ཀྱི་ནང་ནས་གཞི་རྩ་ལྟ་བུ་དེ་ངོ་ཚ་ཁྲེལ་ཡོད་གཉིས་དེ་མེད་ཀྱང། མི་དེ་ལ་སྤྱི་ཚོགས་ནང་ད་དུང་ཆེ་མཐོང་དང་གདེང་འཇོག་བྱེད་མཁན་ཡོད་ན་སྐབས་དེ་དུས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིན་ཐང་གི་ལྟ་བ་དེ་ཡོངས་སུ་བརླགས་ཚར་བ་རེད། ད་ལྟའི་ཆར་ཡང་འགོ་ཁྲིད་རེ་ཟུང་གིས་མགོ་སྐོར་གཏོང་བ་དང་སྐྱག་རྫུན་ཤོད་རྒྱུར་འཛེམས་ཟོན་གང་ཡང་མེད་པ་འདི་ཡང་བོད་མིའི་རིན་ཐང་གི་ཚད་གཞི་བརླག་བཞིན་པའི་མངོན་རྟགས་གསལ་པོ་ཞིག་རེད།
མདོར་ན་བཙན་བྱོལ་བོད་མིའི་སྲིད་སྐྱོང་གི་འོས་བསྡུ་ལ་རེ་བ་ཡོད་མཁན་དང་ནུས་པ་ཡོད་མཁན་གྱི་ནང་དུ་ལང་མཁན་དཀོན་པོ་ཆགས་པ་དང། རེ་བ་དང་ནུས་པ་གང་ཡང་མེད་མཁན་གྱི་ནང་ནས་རྩེད་མོ་ལྟ་བུ་བྱས་ནས་ལང་མཁན་ཡོང་གི་ཡོད་པ་ནི་མ་འོས་པ་ཞིག་ཡིན་པས། མ་འོངས་པར་སྲིད་སྐྱོང་གི་འོས་མིར་ཞུགས་པར་ཉུང་མཐའ་མི་བརྒྱ་ཙམ་གྱིས་དང་བླངས་དཔྱ་ཁྲལ་གྱི་ཨང་གྲངས་དང་ས་རྟགས་མཉམ་སྦྱར་གྱི་རྒྱབ་སྐྱོར་མེད་ན་རང་དགར་ལང་མི་ཆོག་པའི་དམའ་མཐའི་ཚད་གཞི་ཞིག་སྒྲིག་གཞིའི་ནང་ཁ་གསལ་བཟོ་དགོས་ཀྱི་འདུག ད་ལྟའི་ལམ་སྲོལ་འདི་ལ་བརྟེན་ནས་སྲིད་སྐྱོང་གི་འོས་བསྡུ་ནི་མི་ཐ་ཤལ་རེ་ཟུང་གི་རྩེད་ཆས་ལྟ་བུར་གྱུར་ཟིན་པ་ནི་ཡག་པོ་གཏན་ནས་མ་རེད། སྲིད་སྐྱོང་གི་འོས་ཤོག་རག་ཐུབ་པའི་རེ་བ་རྒྱག་མཁན་ཞིག་ལ་མཚོན་ན། འོས་མིར་ལངས་སྐབས་མི་བརྒྱ་ཙམ་གྱི་རྒྱབ་སྐྱོར་རག་མི་ཐུབ་པའི་རྒྱུ་མཚན་གཏན་ནས་མེད་པས། ཁྲིམས་སྒྲིག་གི་ཐོག་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱང་འགན་ཁུར་མ་འགྲུབ་པ་ཞིག་ཏུ་གྱུར་ཡོད།།