སྲིད་སྐྱོང་གིས་གྷོ་ཝཱ་ཧཱ་ཊི་མཐོ་སློབ་གཉིས་སུ་བོད་དོན་གཏམ་བཤད།


བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་རྒྱ་གར་བྱང་ཤར་ཁུལ་དུ་ཕེབས་ནས་བོད་དོན་སྐོར་གྱི་གཏམ་བཤད་གནང་འདུག་ཅིང་། དམིགས་བསལ་དེ་ཁུལ་དུ་ཡོད་པའི་མཐོ་སློབ་ཁག་ཅིག་ནང་གཏམ་བཤད་གནང་སྐབས། དགེ་ལས་སློབ་ཕྲུག་རྣམས་ལ་འཛམ་གླིང་སྤྱི་ཡོངས་ཀྱི་ཆབ་སྲིད་འགྱུར་འགྲོས་སྐོར་ལ་ཉམས་ཞིབ་བྱེད་པར་ཐོག་མ་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཆབ་སྲིད་འགྱུར་འགྲོས་ཤེས་དགོས་པ་གལ་ཆེན་པོ་ཡིན་པ་བརྗོད་འདུག

པར། བོད་མིའི་སྒྲིག་འཛུགས།

ཕྱི་ཚེས་༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༢༡ ཉིན་གྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཨ་སམ་གྱི་གསར་འགྱུར་བརྒྱུད་ལམ་(Pratidin Time)ཞིག་གི་བཅར་འདྲི་དང་ལེན་གནང་ཡོད་ཅིང་། གྷོ་ཝ་ཧཱ་ཊི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་ནས་མཐོ་སློབ་དེའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཁྱོན་བསྡོམས་༡༥༠ ལྷག་འདུ་འཛོམས་གནང་བའི་ཐོག བོད་ཀྱི་ས་ཁམས་ཆབ་སྲིད་ཀྱི་གལ་གནད་སྐོར་གསུང་བཤད་གནང་ཡོད་འདུག་ཅིང་། ཉིན་རྒྱབ་Royal Global University ཞེས་པའི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་ནས་། མཐོ་སློབ་དེའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཁྱོན་༡༠༠ ལྷག་ཚོགས་ཞུགས་ཐོག་སྲིད་སྐྱོང་གིས་བོད་དོན་གལ་གནད་ཇི་ལྟར་ཆགས་ཚུལ་སྐོར་གསུང་བཤད་གནང་ཡོད་འདུག
དེ་ཡང་སྲིད་སྐྱོང་གིས་གསུང་བཤད་གནང་སྐབས། འཛམ་གླིང་སྤྱི་ཡོངས་ཀྱི་ཆབ་སྲིད་འགྱུར་འགྲོས་སྐོར་ལ་ཉམས་ཞིབ་གནང་སྐབས། ཐོག་མ་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་འགྱུར་འགྲོས་ཤེས་དགོས་གལ་ཆེ་དང་འབྲེལ་ནས་བོད་ཀྱི་ས་ཁམས་ཆབ་སྲིད་ཀྱི་གལ་གནད་རང་བཞིན་སྐོར་སོགས་དང། དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐུབ་ཚེ་བོད་དང་ས་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ས་མཚམས་བདེ་འཇགས་ལ་དགེ་མཚན་ཡོང་སྐོར། བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་འགྱུར་སྤྱི་དང་ལྷག་པར་དུ་ཕྱི་ལོ་༡༩༡༤ ལོར་བོད་དེ་བཞིན་རང་བཙན་རྒྱལ་ཁབ་ཀྱི་ངོ་བོར་རྒྱ་གར་དབྱིན་གཞུང་དང་ཆིངས་ཡིག་བཞག་སྟེ་ད་ལྟའི་བོད་དང་ཨ་རུ་ནཱ་ཅལ་ས་མཚམས་རྒྱས་བཅད་ཀྱིས་ས་ཐིག་དེར་མེག་མོ་ཧན་ས་ཐིག་(McMahon line)ཅེས་གྲགས་པའི་སྐོར་བཅས་ལ་འགྲེལ་བརྗོད་གནང་སྟེ། རྒྱ་ནག་གཞུང་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིིན་ཞེས་ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་ཞིག་ཡིན་ཞེས་གསལ་སྟོན་གནང་ཡོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།