སྲིད་སྐྱོང་གིས་སྨན་རྩིས་ཁང་བོད་ཀྱི་སྨན་པའི་ལྷན་ཚོགས་ནང་གང་མགྱོགས་སླེབས་ཐུབ་པ་ཞུ་རྒྱུ་ཡིན་སྐོར་གསུངས།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྨན་རྩིས་ཁང་གིས་སྒྲིག་འཛུགས་ཀྱི་ངོ་བོ་ཐོག་ནས་སྨན་དང་རྩིས་ཀྱི་སྡེ་ཚན་གཉིས་བོད་ཀྱི་གསོ་རིག་སྨན་པའི་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ་དེ་འགྲིག་གི་མེད་པར་ངོས་འཛིན་ཞུ་ཡི་ཡོད། དེར་བརྟེན་སྨན་རྩིས་ཁང་གི་སྨན་དང་རྩིས་ཀྱི་སྡེ་ཚན་གཉིས་གང་མགྱོགས་བོད་ཀྱི་གསོ་རིག་སྨན་པའི་ལྷན་ཚོགས་ནང་བསླེབ་ཐབས་ཞུ་རྒྱུ་ཡིན་ཞེས་གསུངས་གནང་འདུག
དེ་ཡང་ཟླ་༧ པའི་ཚེས་༧ ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ནང་ཆགས་པའི་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་གི་བྱང་ཆུབ་ཆེན་མོའི་གཙུག་ལག་ཁང་གི་ཆོས་ར་བྱམས་ཆེན་ཆོས་ཀྱི་ལྡིང་ཁང་དུ། རིག་གནས་མཐོ་སློབ་དོན་གཉིས་ནོར་བུའི་དགའ་ཚལ་གྱི་སྐབས་དང་པོའི་སྨན་རྩིས་སློབ་གཉེར་བ་རྣམས་སློབ་ཐོན་དང་། ཉམས་གསོག བསྙེན་མཚམས་བཅས་ཡོངས་སུ་གྲུབ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོགས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཕེབས་ནས། དཔེ་དེབ་ཁག་ཅིག་དབུ་འབྱེད་གནང་གྲུབ་མཚམས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་དཔལ་སྤུངས་རིག་གནས་མཐོ་སློབ་དོན་གཉིས་ནོར་བུའི་དགའ་ཚལ་དེ་ཉིད་གསོ་རིག་སློབ་གཉེར་ཁང་ཚད་ལྡན་ཞིག་ཏུ་ངོས་འཛིན་གནང་བའི་ལག་འཁྱེར་གནང་འདུག
སྐུ་མགྲོན་གཙོ་བོ་སྲིད་སྐྱོང་གིས་གསུང་བཤད་གནང་དོན། བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་དབུས་པའི་སྐུ་མགྲོན་རྣམ་པ་དང་། གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་བླ་སྤྲུལ་དང་མཁན་སློབ། དགེ་འདུན་འདུས་མང་ཡོངས་ལ་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལས་ཀ་བྱེད་སྐབས་སྒྲོམ་གཞི་ཡག་པོ་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྨན་རྩིས་ཁང་གིས་སྒྲིག་འཛུགས་ཀྱི་ངོ་བོ་ཐོག་ནས་སྨན་དང་རྩིས་ཀྱི་སྡེ་ཚན་གཉིས་བོད་ཀྱི་གསོ་རིག་སྨན་པའི་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ་དེ་འགྲིག་གི་མེད་པར་ངོས་འཛིན་ཞུ་ཡི་ཡོད། དེར་བརྟེན་སྨན་རྩིས་ཁང་གི་སྨན་དང་རྩིས་ཀྱི་སྡེ་ཚན་གཉིས་གང་མགྱོགས་བོད་ཀྱི་གསོ་རིག་སྨན་པའི་ལྷན་ཚོགས་ནང་བསླེབ་ཐབས་ཞུ་རྒྱུ་ཡིན། སྨན་པ་ཐོན་མཁན་མང་དུ་འགྲོ་བཞིན་ཡོད་སྟབས་སྔོ་སྨན་འདེབས་ལས་ཀྱི་ལས་གཞི་ཤུགས་ཆེ་རུ་གཏོང་དགོས་པ་རེད་མ་གཏོགས་མ་འོངས་པར་དཀའ་ངལ་འཕྲད་ངེས་རེད། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་སྔོ་སྨན་འདེབས་ལས་ཀྱི་ལས་གཞི་ཤུགས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཡོད། བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གི་དགོངས་པ་རྒྱ་ཆེན་པོ་ཡོད་པ་དེ་ང་ཚོ་ཚང་མས་རྒྱུན་སྐྱོང་གནང་དགོས་ཞེས་སོགས་གསུངས་གནང་འདུག
དེ་ཡང་ཕྱི་ལོ་༢༠༡༩ ལོའི་ཟླ་༡༠ པའི་ཚེས་༡༡ ཉིན་སྐབས་དེའི་དབུས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། དབུས་བོད་ཀྱི་སྨན་རྩིས་ཁང་དེ་དེ་རིང་ནས་བོད་ཀྱི་སྨན་པའི་ལྷན་ཚོགས་(བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་)ཀྱི་ཚོགས་མི་ནས་ཕྱིར་འཐེན་བྱས་པ་ཡིན་པའི་གསལ་བསྒྲགས་བྱས་ཏེ། དེ་ཡང་ཐོག་མར་བོད་ཀྱི་སྨན་པའི་ལྷན་ཚོགས་དེ་རྒྱ་གར་དབུས་གཞུང་གིས་ངོས་འཛིན་བྱེད་ཀྱི་མེད་ཁར། དབུས་བོད་ཀྱི་སྨན་རྩིས་ཁང་དེ་ནི་རྒྱ་གར་དབུས་གཞུང་གིས་༧གོང་ས་མཆོག་གི་མཐོ་སློབ་ཅིག་ཡིན་པའི་ངོས་འཛིན་ཐོག་ནས་ལྟ་སྐྱོང་ཞིག་བྱེད་ཀྱི་ཡོད་བཞིན་པ་དང་། རྒྱ་གར་གྱི་སྨན་པའི་ལྷན་ཚོགས་ཤིག་ཡོད་པས། སྨན་རྩིས་ཁང་བོད་ཀྱི་སྨན་པའི་ལྷན་ཚོགས་ཀྱི་འབྲེལ་ཡོད་ཚོགས་མི་མུ་མཐུད་བསྡད་ཚེ་ཡག་པོ་མི་འདུག དེའི་ཐོག་བོད་ཀྱི་སྨན་པའི་ལྷན་ཚོགས་དེ་བཙུགས་པའི་ཉིན་མོ་དང་པོ་ནས་བཟུང་། བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་རྣམས་ཀྱི་ཁྲོད་དུ་ལྟ་ཚུལ་མང་པོ་ཞིག་ཡོད་པ། བོད་ཀྱི་སྨན་པའི་ལྷན་ཚོགས་ཀྱིས་བོད་མི་མང་སྤྱི་འཐུས་ཀྱིས་གཏན་ལ་ཕབ་པའི་ལས་འགན་གཙོ་བོ་གསོ་རིག་ཐོག་བྱ་རའམ་སྟངས་འཛིན་བྱེད་རྒྱུ་ཡིན་པ་དེ་མ་བྱས་པར། སློབ་གྲྭ་དང་སྨན་པ་མང་དུ་གཏོང་ཐབས་བྱེད་བཞིན་པ་དང་། ལ་དྭགས་ཁུལ་དུ་སྨན་པའི་དེབ་སྐྱེལ་ལག་ཁྱེར་མང་པོ་ཞིག་སྤྲད་ཡོད་པར་བརྟེན། ཨ་ཡུ་ཤུ་སྨན་པ་མང་པོ་ཞིག་ལ་སྨན་རྩིས་ཁང་ནས་ཀྱང་གསོ་རིག་གི་ལག་ཁྱེར་སྤྲོད་དགོས་སྐོར་བརྗོད་མཁན་མཐོ་རིམ་དཔོན་པོ་ཁག་ཅིག་བྱུང་བས་ཁས་ལེན་བྱས་མེད། དེ་བཞིན་རྒྱ་གར་དབུས་གཞུང་གི་མིག་ལམ་དུ་བོད་ཀྱི་སྨན་པའི་ལྷན་ཚོགས་ལ་མཐོང་ཚུལ་ཡག་པོ་མེད་པས། ༧གོང་ས་མཆོག་གི་མཐོ་སློབ་ལ་ངོས་འཛིན་བྱེད་བཞིན་པའི་སྨན་རྩིས་ཁང་གི་མཐོ་སློབ་དང་སྨན་སྦྱོར་གཉིས། ལྷན་ཚོགས་ཀྱི་ཚོགས་མིའི་དེབ་སྐྱེལ་ཁོངས་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
