སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ལས་འཁུར་དམ་འཇོག་བྱེད་ས་གཏན་འབེབས་བྱུང་སོང་།

ཟླ་འདིའི་ཕྱི་ཚེས་༢༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་༩ པའི་ཚོགས་དུས་༣ པར། བཅའ་ཁྲིམས་བསྐྱར་བཅོས་ཀྱི་བརྗོད་པ་གཉིས་པའི་ཐོག་གྲོས་ཚོགས་སུ་བགྲོ་གླེང་ལྷུག་པོ་གནང་རྗེས། ཁྲིམས་འཆར་གྱི་དོན་ཚན་ཉེར་ལྔ་སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ལས་འཁུར་དམ་འཇོག་ཅེས་པའི་ནང་གསེས་དང་པོའི་ཚིག་བརྗོད་རྙིང་པ། འདེམས་ཐོན་སྲིད་སྐྱོང་དང་བཀའ་བློན་རྣམ་པ་བཅས་ལས་འཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་ཞུ་དགོས། ཞེས་པ་ལ་ཚིག་བརྗོད་གསར་པ། འདེམས་ཐོན་སྲིད་སྐྱོང་དང་བཀའ་བློན་རྣམ་པ་བཅས་ལས་འཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་ཞུ་དགོས། ཞེས། བསྐྱར་བཅོས་ཚོགས་ཆུང་གི་བསྐྱར་བཅོས་ཁྲིམས་འཆར་དེར་བཀའ་ཤག་གི་བཟོ་བཅོས་ཁྲིམས་འཆར་དང་བཅས་པར་སྤྱི་འཐུས་༤༢ རྒྱབ་སྐྱོར་གྱིས་མང་མོས་གཏན་འབེབས་གནང་སོང་ལ། དེ་བཞིན་དོན་ཚན་ཉེར་དགུ་པ་བཀའ་ཤག་གི་འགན་འཁུར་དང་འཕོ་འགྱུར། དོན་ཚན་སུམ་ཅུ་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས། དོན་ཚན་སོ་བརྒྱད་པ། སྤྱི་འཐུས་ཀྱི་འོས་ཆོས་བཅས་ཀྱི་བསྐྱར་བཅོས་གཏན་འབེབས་བྱུང་སོང་།
གསར་འགོད་པ། བསྟན་འཛིན་ལམ་བཟང་།