སྲིད་སྐྱོང་དང་ལྷན་དུ་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་འདུག
ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་མཉམ་དུ། བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་འདུག་པ་དང་། སྐབས་དེར་བོད་དོན་ཐོག་སྲིད་སྐྱོང་གསར་པ་དང་མཉམ་ལས་ཡག་པོ་གནང་ཐུབ་རྒྱུའི་རེ་ལྟོས་ཡོད་པའི་ཐོག བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་འདུག
དེ་ཡང་ཟླ་ ༦ ཚེས་ ༡༤ ཉིན་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག དྲ་ལམ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ལྷན་དུ་བོད་ཀྱི་ཉིན་མོ་སྲུང་བརྩི་གནང་ཡོད་འདུག དྲ་ཐོག་གི་མཛད་སྒོར་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབ་ཝི་ར་ནི་ལགས་དང་། གྲོས་ཚོགས་འཐུས་མི་གྷར་ནེ་ཊི་ལགས། ཇེམ་སི་མི་ལོ་ནི་ལགས། ཌེ་ཝིཌ་སུ་ཝིཌ་ལགས། ལར་རེ་བྷག་ནེལ་ལགས་བཅས་མཉམ་ཞུགས་གནང་ཡོད་འདུག དེ་བཞིན་ཕྱི་དྲིལ་གྱི་དྲུང་ཆེ་རྣམ་པ་གཉིས་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སོགས་བོད་མི་ཁག་ཅིག་ཀྱང་མཉམ་ཞུགས་གནང་ཡོད་འདུག

ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབ་ཝི་ར་ནི་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲི་ཞུས་པ་དང་། སྲིད་སྐྱོང་ལགས་དང་ལྷན་ལས་དོན་གནང་ཕྱོགས་ཐད་འབྲེལ་བ་བཟང་པོ་ཡོང་བར་རེ་ལྟོས་ཧ་ཅང་བྱེད་བཞིན་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད། ༧གོང་ས་མཆོག་ལའང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུ་རྒྱུའི་ཁས་ལེན་ཞུས་ཡོད། ཁེ་ན་ཌ་དང་རྒྱལ་སྤྱིའི་ཐོག་ནས་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་དོན་ལ་དོ་སྣང་གནང་བཞིན་ཡོད་པ། ཁེ་ན་ཌའིི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་སུ་རྒྱབ་སྐྱོར་གྱི་གྲོས་འཆར་གཉིས་གཏན་འབེབས་གནང་མ་ཐུབ་པར་ལྷག་ཡོད་པའི་སྐོར་དང་། བོད་རྒྱའི་གནད་དོན་གང་མགྱོགས་སེལ་ཐབས་སུ་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་རྣམ་པས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ལྷན་མཉམ་རུབ་ཐོག་ཕྱག་ལས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་སོགས་ཀྱི་སྐོར་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུག་ལས་འགུལ་གལ་ཆེན་འཛིན་བཞིན་ཡོད་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ ༢༥ ནང་བོད་མི་གནས་སྡོད་བྱེད་བཞིན་ཡོད་པས། བོད་མི་དེ་དག་གིས་ས་གནས་སོ་སོའི་སྐད་ཡིག་དང་། ཁྲིམས་དང་སྒྲིག་གཞི་སྐོར་ལེགས་པར་མཁྱེན་གྱི་ཡོད་སྟབས། བོད་མི་དེ་དག་གིས་ས་གནས་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་སོགས་དང་ལྷན་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཐུབ་པའི་ནུས་པ་ཡོད་པའི་སྐོར་གསུངས་པ་མ་ཟད། ཁེ་ན་ཌ་ཡིས་བོད་དོན་ཞུ་གཏུག་གི་ལས་འགུལ་ཆེད་དུ་མིག་དཔེ་ལྡན་པ་ཞིག་བསྐྲུན་རྒྱུར་རེ་བ་གནང་གི་ཡོད་པ། ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཉམས་མྱོང་གསོག་ཆེད་བོད་པའི་གཞོན་སྐྱེས་རྣམས་ལ་དུས་ཡུན་རིང་ཐུང་འདྲ་མིན་རིང་ལས་ཀའི་ལས་འཆར་སྤེལ་བཞིན་པར་བསྔགས་བརྗོད་དང་། ལས་ཀའི་ལས་འཆར་དེའི་ཁེ་ཕན་ལ་བརྟེན་ནས་བོད་པའི་གཞོན་སྐྱེས་ཚོས་ད་ལྟ་བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་པ་སོགས་ཀྱི་སྐོར་གསུངས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
