སྲིད་སྐྱོང་འོས་མི་སྐལ་རྡོར་གྱིས་ལྔ་དང་ལྔ་བཅུ་ནས་ལྔ་ལ་དོ་སྣང་དང་ཤུགས་སྣོན་ཆེ་བ་རྒྱག་རྒྱུ་ཡིན་སྐོར་གསུངས་སོང་།
སྲིད་སྐྱོང་བློ་བཟང་སེང་གེའི་སློབ་སྟོན་པ་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད། དཔལ་འབྱོར་ལས་ཁུངས་ཀྱི་ཡར་རྒྱས་ཐེབས་རྩའི་འགན་འཛིན་སོགས་ཀྱི་ལས་གནས་མང་པོ་ཁུར་མྱོང་མཁན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེས། རྒྱལ་ཁབ་གཅིག་དང་མི་རིགས་གཅིག འཐབ་རྩོད་གཅིག་ཅེས་པའི་འབོད་སྒྲའི་འོག་ཏུ་ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུ་དང་། གལ་སྲིད་ཁོང་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བ་ཡིན་ན་གནད་དོན་ཆེན་མོ་ལྔའི་སྒང་ལ་ཤུགས་སྣོན་བརྒྱག་ངེས་ཡིན་པ། ལྔ་དང་ལྔ་བཅུའི་འཆར་སྣང་གལ་ཆེན་ཡིན་པ་དང་། སྒེར་གྱི་ཐོག་ནས་ལྔ་ལ་དོ་སྣང་དང་ཤུགས་སྣོན་མང་བ་རྒྱག་རྒྱུ་ཡིན་སྐོར་གསུངས་སོང་།
ཟླ་༩ པའི་ཚེས་༢ ཉིན་ནི་བོད་ཀྱི་མང་གཙོའི་དུས་ཆེན་ཡིན་པ་དང་སྟབས་བསྟུན་ནས། དབུ་དཀར་ཚང་སྐལ་བཟང་རྡོ་རྗེས་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་སྤེལ་སོང་བ་དང་། ཁོང་གི་འོས་བསྡུའི་ཁྱབ་བསྒྲགས་ཀྱི་བོད་ཡིག་དྲ་ཚིག་ཐོག་ཏུ་“གུས་པས་ལོ་ངོ་ཉེར་གསུམ་ལྷག་གི་རིང་བོད་མིའི་རང་དབང་འཐབ་རྩོད་དང་སྤྱི་ཚོགས་ཡར་རྒྱས་ཆེད་ལས་ཀ་བྱས་པ་ཡིན། ལྷག་པར་དུ་ཕྱི་ལོ་༢༠༡༡ ནས་ ༢༠༢༠ བར་དབུས་བོད་མིའི་སྒྲིག་འཛུགས་ནང་དུ་ཞབས་ཞུ་ཞུས་པ་ཡིན། ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གི་དམིགས་བསལ་སློབ་སྟོན་པ་དང། དེ་ནས་བྱང་ཨ་རིའི་༧གོང་ས་མཆོག་གི་སྐུ་ཚབ་དོན་གཅོད། དེའི་རྗེས་སུ་དཔལ་འབྱོར་ལས་ཁུངས་ནང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་བྱས་པ་བཅས་གལ་གནད་ཆེ་བའི་ལས་གནས་ཁག་གསུམ་གྱི་ནང་དུ་དབུས་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་ཐོབ་བྱུང་། ཞབས་ཞུའི་གོ་སྐབས་དེ་དག་བརྒྱུད་ངས་བོད་ཀྱི་རང་དབང་འཐབ་རྩོད་དང་བོད་མིའི་སྤྱི་ཚོགས་གཉིས་ཀྱིས་གདོང་ལེན་བྱེད་དགོས་པའི་དཀའ་གནད་ཁག་དང་ང་ཚོའི་དགོས་མཁོ་ཅི་ཡིན། ང་ཚོ་ལ་གོ་སྐབས་ཅི་ཡོད། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་གི་འོས་འགན་སོགས་གསལ་ཞིང་རྒྱས་པ་ཤེས་རྟོགས་བྱུང་ཡོད། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་པ་རྒྱང་གཟིགས་ཀྱིས་༢༠༡༡ ལོ་ནས་སྲིད་དབང་ཆ་ཚང་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་དབུ་ཁྲིད་ལ་བསྩལ་བའི་བཀའ་དྲིན་བསྐྱངས་གནང་མཛད་པར་བརྟེན་དབུས་བོད་མིའི་སྒྲིག་འཛུགས་ལ་འོས་འགན་ཤིན་ཏུ་ཆེན་པོ་ཡོད། ངས་འོས་བསྡུའི་ལས་རིམ་འདིའི་ཁྲོད་དུ་བོད་མི་ཡོངས་ནས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག འཐབ་རྩོད་གཅིག་གི་ངོ་བོ་བརྟན་པོར་བསྲུངས་ཏེ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ཡོང་བར་ནུས་ཤུགས་འདོན་ངེས་ཡིན། སྲིད་སྐྱོང་གི་ལས་ཡུན་རིང་རང་ངོས་ནས་ཆབ་སྲིད་དང་རིག་གཞུང་། དཔལ་འབྱོར་བཅས་རྒྱུན་གནས་གོང་འཕེལ་ཡོང་ཐབས་སུ་ཤུགས་སྣོན་རྒྱག་ངེས་ཡིན་ལ་ད་ལྟའི་བཀའ་ཤག་གི་ལས་དོན་རྣམས་ཚུལ་བཞིན་རྒྱུན་སྐྱོང་དང་ལྔ་དང་ལྔ་བཅུའི་འཆར་སྣང་ལ་གལ་གནད་ཆེ་བར་བརྩིས་ནས་གནས་རིམ་གང་ཅིའི་ཐད་ལ་གཞོན་སྐྱེས་ཚོ་མཉམ་ཞུགས་དང་ལས་འགན་ཇེ་ཆེར་གཏོང་རྒྱུ་བཅས་ཡིན།”ཞེས་གསལ་བསྒྲགས་སྤེལ་འདུག
ཁོང་གིས་བརྙན་ཐུང་ཞིག་སྤེལ་བའི་ནང་དུ། ད་ལྟའི་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་གི་འཆར་སྣང་བཟོ་རྒྱུ་དང་། དེ་འབྲེལ་ལས་འཆར་དང་ལས་གཞི་སྒྲིག་རྒྱུའི་འགན་ཁུར་བྱས་པ་དང་། སྤྱི་ཚོགས་ཡར་རྒྱས་ཀྱི་ཆེད་དུ་ཨ་སྒོར་ས་ཡ་མང་པོ་བསྡུ་རུབ་ཐུབ་པ་བྱུང་། དེ་བཞིན་ཕྱི་དྲིལ་ཐོག་ནས་ཕྱི་རྒྱལ་གྱི་གྲོས་ཚོགས་འཐུས་མི་དང་རོགས་ཚོགས་སྐུ་ཚབ་སོགས་མང་པོ་མཉམ་དུ་འབྲེལ་ལམ་དམ་ཟབ་བཟོ་ཐུབ་པ་བྱུང་བ། འདས་པའི་ལོ་དགུ་ཡི་ནང་བོད་ནང་གི་གནས་སྟངས། བཙན་བྱོལ་ནང་གི་གནས་སྟངས། བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་དང་ལས་གཞི་ཆེ་བ་གང་ཡིན་དང་ཆུང་བ་གང་ཡིན། ལས་གཞི་ཚར་བ་གང་ཡིན་དང་ད་ལྟའི་སྲིད་སྐྱོང་གིས་འགོ་ཁྲིད་པའི་ལས་འཆར་མཇུག་སྐྱོང་དགོས་པ་གང་ཡིན་པ་དང་ཡར་རྒྱས་གཏོང་དགོས་པ་གང་ཡིན་པ་བཅས་ཚང་མ་ཤེས་པའི་ཐོག་ནས་དང་། དམིགས་བསལ་སྲིད་སྐྱོང་གི་ལས་འགན་གྱི་ལྗིད་ཁོག་ཤེས་པའི་ཐོག་ནས་གདེང་ཚོད་མཐོན་པོའི་ཐོག་ནས་སྲིད་སྐྱོང་ལངས་རྒྱུ་ཐག་བཅད་པ་ཡིན་ཞེས་དང་། མི་ཚེའི་ནང་མིག་ལྟོས་བྱ་ཡུལ་ནི་༧གོང་ས་མཆོག་དང་། ཕ་དམ་པ་གཉིས་ཡིན་སྐོར་གསུངས་སོང་།
ཁོང་གིས་གལ་སྲིད་རང་ཉིད་སྲིད་སྐྱོང་ལ་བདམས་ཐོན་བྱུང་བ་ཡིན་ན་གནད་དོན་ཆེན་མོ་ལྔའི་སྒང་ལ་ཤུགས་སྣོན་བརྒྱག་ངེས་ཡིན་སྐོར་གསུངས་སོང་བ་དང་། དེ་དག་ནི་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གོང་མཐོར་གཏོང་རྒྱུ། དབུས་བོད་མིའི་སྒྲིག་འཛུགས་དེང་རབས་ཅན་དུ་བསྒྱུར་རྒྱུ། ཤེས་ཡོན་ལེགས་བཅོས། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་དར་སྤེལ། དཔལ་འབྱོར་སྲ་བརྟན་དང་གོང་སྤེལ་བཅས་རེད་འདུག་པ་དང་། གནད་དོན་ཆེན་མོ་རེ་རེའི་ནང་དུ་ལས་གཞི་ལྔ་རེ་ཡོད་སྐོར་དང་། ཁོང་གི་ལས་གཞི་དེ་དག་འགྲུབ་ཐབས་སུ་གཞོན་སྐྱེས་མཉམ་ཞུགས་གལ་ཆེན་ཡིན་པས། གཞོན་སྐྱེས་ཀྱི་འགན་མང་ཙམ་ཁུར་ཐུབ་པ་བཟོ་རྒྱུ་གལ་ཆེན་ཆགས་ཡོད་སྐོར་གསུངས་སོང་།
ཁོང་གིས་འོས་བསྡུའི་འབོད་སྒྲ་ནི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག འཐབ་རྩོད་གཅིག་ཅེས་པ་དེའི་སྒང་ལ། དབུ་ཁྲིད་གཅིག་དང་གཞུང་གཅིག་ཅེས་པ་ཡང་ཡོད་པ་དང་། དབུ་ཁྲིད་གཅིག་ནི་༧གོང་ས་མཆོག་ཡིན་པ་དང་། གཞུང་གཅིག་ནི་བོད་མིའི་སྒྲིག་འཛུགས་ཡིན་སྐོར་གསུངས་སོང་།
ཁོང་གིས་གསལ་བསྒྲགས་བྱས་པའི་ལས་འཆར་ཁག་ཅིག་ནི་བོད་མིའི་སྒྲིག་འཛུགས་ནང་དུ་བརྡ་འཕྲིན་འཕྲུལ་ཆས་ཀྱི་འཛིན་སྐྱོང་(Digital governance)ལག་བསྟར་བྱ་རྒྱུ། ཤེས་ཡོན་སྐོར་གནད་དུ་སྨིན་པའི་སྲིད་ཇུས་ལམ་སྟོན་དང་གྲུབ་འབྲས་ལ་བསྐྱར་ཞིབ་བྱ་བར་དབང་ཚད་ལྡན་པའི་ཤེས་ཡོན་ལྷན་ཚོགས་ཞིག་ཆེད་འཛུགས་ཞུ་རྒྱུ། ད་ཡོད་སློབ་གྲྭ་ཁག་དགོས་དམིགས་ཀྱིས་ཟླ་སྒྲིལ་བཏང་ནས་སྤུས་ཚད་ལྡན་པའི་སློབ་གྲྭ་བཅོ་ལྔ་ནས་ཉི་ཤུ་སྐོར་ཞིག་སྒྲིལ་རྒྱུ་དང་། དེ་བཞིན་སློབ་གྲྭ་གཉིས་སམ་དེ་ལས་མང་བ་ཁག་ཅིག་ཚད་མཐོའི་ཤེས་ཡོན་གྱི་བསྟི་གནས་ཁང་དུ་བསྒྱུར་ནས་ནུབ་ཕྱོགས་སུ་ཡོད་པའི་བོད་པའི་སློབ་མ་རྣམས་ཀྱང་འགྲོ་ས་ཞིག་བཟོ་རྒྱུ། དེ་བཞིན་བརྡ་འཕྲིན་འཕྲུལ་ཆས་ཀྱི་སློབ་ར་དང་༼E-learning༽དང་བརྡ་འཕྲིན་ལྟེ་གནས་ཁང་ཞིག་གསར་འཛུགས་ཞུ་དགོས། ཤེས་ཡོན་སློབ་སྦྱོང་སྤུས་ཚད་ལྡན་པ་ཡོང་ཆེད་གསར་སྐྱེས་བྱིས་པ་ནས་ལོ་ལྔ་བར་གྱི་ཕྲུ་གུར་དམིགས་པའི་བྱིས་པའི་འཚར་ལོངས་དང་འབྲེལ་བའི་ལས་གཞི་སྤེལ་བ་དང། མི་རབས་རྗེས་མའི་མ་དངུལ་༼Next Generation Fund༽ཞེས་པ་ཞིག་གསར་འཛུགས་བྱ་རྒྱུ། ཆོས་རིག་ལས་ཁུངས་ལ་དུས་དང་འཚམ་པའི་ལེགས་བཅོས་གཏང་སྟེ་རིག་གནས་དང་འབྲེལ་བའི་ལས་དོན་མང་དུ་བཏང་ནས་དེ་དག་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་ཤུགས་ཆེ་རུང་གཏོང་དགོས། བོད་ཀྱི་སྐད་ཡིག་གོང་འཕེལ་གཏོང་ཐབས་སུ་སྐད་ཡིག་གི་ཐེབས་རྩ་(Language Fund) འཛུགས་རྒྱུ། བཙན་བྱོལ་བོད་མིའི་དཔལ་འབྱོར་རྒྱུན་གནས་སྲ་བརྟན་གཏོང་ཐབས་སུ་དབུས་བོད་མིའི་སྒྲིག་འཛུགས་ནས་སྒེར་གྱི་ཁེ་ལས་ཚོགས་སྡེ་ཁག་དང་མཉམ་འབྲེལ་མང་ཙམ་བྱ་རྒྱུ་དང་རྒྱ་གར་དང་བལ་ཡུལ་ནང་གི་གཞིས་ཆགས་ཁ་ཤས་ནང་དུ་ཁོར་ཡུག་དང་མཐུན་པའི་ཡུལ་སྐོར་ལས་གཞི་(Ecotourism programs) སྤེལ་བ་དང་། ཡང་གཞིས་ཆགས་ཁ་ཤས་ཡར་ཐོན་གྲོང་སྡེ་(Smart Settlements) རུ་བསྒྱུར་ཐབས་བྱེད་དགོས། དེ་བཞིན་གངས་ལྗོངས་ཞབས་ཞུ་ཁང་(Gangjong Development Finance) དེ་བུན་གཡར་དངུལ་ཁང་(Small Finance Bank) ཞིག་ཏུ་བསྒྱུར་ཐབས་སུ་མུ་མཐུད་མ་དངུལ་འཇོག་རྒྱུའི་འབད་བརྩོན་བྱ་རྒྱུ། བཙན་བྱོལ་བོད་མིའི་ཚོང་ལས་ཚོགས་པ་དང་(Tibetan Refugee Traders Association) དང་བོད་མིའི་ཚོང་ལས་སྡེ་ཚོགས་ (Tibetan Chamber of Commerce) བཅས་མུ་མཐུད་ཡར་རྒྱས་གོང་འཕེལ་གཏོང་ཐབས་ལ་འབད་པ་བྱེད་རྒྱུ་ཡིན་སྐོར་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།