སྲིད་སྐྱོང་ཡོ་རོབ་ཁུལ་དུ་འཚམས་གཟིགས་དང་གཏན་འཇགས་ཐབས་བྱུས་ཚོགས་འདུ།

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་པར།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཡོ་རོབ་རྒྱལ་ཁབ་སུད་སི་དང་། ཨོ་སི་ཊེ་རི་ཡ་(Austria) ཨི་ཊ་ལི། ཇར་མ་ནི་བཅས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་བཞིའི་ནང་གཞུང་དོན་འཚམས་གཟིགས་ཕེབས་ཏེ། རྒྱལ་ཁབ་དེ་དག་གི་གནད་ཡོད་མི་སྣ་དང་དངོས་སུ་མཇལ་འཕྲད་ཀྱིས་བོད་དོན་ངོ་སྤྲོད་དང་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་དགོས་པའི་ཞུ་སྐུལ། གཞོན་སྐྱེས་གཙོས་ས་གནས་བོད་མི་ཚོར་བོད་དོན་ལམ་སྟོན་གཏམ་བཤད་སོགས་གནང་ཡོད་འདུག

ཟླ་བ་འདིའི་ཚེས་༡༢ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་སུད་སིའི་གྲོང་ཁྱེར་ཛུ་རིག་ས་གནས་ཀྱི་དང་བླངས་བོད་དོན་ཞུ་གཏུག་པ་རྣམས་ལ་བོད་དོན་གཏམ་བཤད་གནང་ཡོད་འདུག་པ་དང་། སྐབས་དེར་སྲིད་སྐྱོང་གིས་༧གོང་ས་སྐྱབས་མགོན་ཆེན་པོས་ཆོས་སྲིད་གཉིས་ཐོག་བསྩལ་བའི་བཀའ་སློབ་ལམ་སྟོན་ཡིད་ལ་འཛིན་པ་དང་།༧གོང་ས་མཆོག་གི་བཀའ་དྲིན་དྲན་པ། བོད་ཀྱི་སྔ་ཕྱིའི་ལོ་རྒྱུས་ཤེས་པ། བོད་དོན་ཞུ་གཏུག་བྱེད་ཡུལ་གྱི་རྒྱལ་ཁབ་སོ་སོའི་ཆབ་སྲིད་ཀྱི་གནས་སྟངས་སོགས་ཤེས་པའི་ཐོག་ནས་བོད་དོན་ཞུ་གཏུག་གནང་རྒྱུ་གལ་ཆེ་བའི་སྐོར་སོགས་དང་། བོད་དོན་དེ་ཡང་བོད་མི་ཙམ་ལ་གལ་ཆེན་མ་ཡིན་པར་བོད་ཀྱི་ས་ཁམས་ཆགས་བབ་ཀྱི་ཐད་ནས་འཛམ་གླིང་ལ་གལ་ཆེན་ཡིན་པ་འགྲེལ་བཤད་རྒྱག་ཐུབ་དགོས་པ། བོད་མི་གཞོན་སྐྱེས་ཚོས་བོད་རང་གི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་ཆེ་ཙམ་གནང་དགོས་གལ་ཆེ་བའི་སྐོར་སོགས་བཀའ་སློབ་དང་ལམ་སྟོན་གནང་འདུག དེ་བཞིན་ཟླ་འདིའི་ཕྱི་ཚེས་༩ ཉིན་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཨི་ཊ་ལི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་སྟེ། ད་ལྟའི་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་། འཛམ་གླིང་ལ་བོད་གལ་ཆེ་ཚུལ་སོགས་ངོ་སྤྲོད་གནང་འདུག གཞན་ཡང་ཚེས་༡༠དང་༡༡ བཅས་ལ་ཨོ་སི་ཊི་རེ་ཡཱའི་གྲོས་ཚོགས་འཐུས་མི་དང་། ལྗང་ཁུ་སྲིད་དོན་ཚོགས་པའི་མགྲིན་ཚབ་པ། ཨོསྟྲི་ཡཱ་མི་མང་སྲིད་དོན་ཚོགས་པའི་མགྲིན་ཚབ་པ་བཅས་ལ་མཇལ་འཕྲད་གནང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག ལོ་རྒྱུས་ཐོག་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་ལ་ནན་བརྗོད་གནང་གི་ཡོད་པ་གསལ་བཤད་དང་། རྒྱ་ནག་གཞུང་གིས་བོད་ཁྲིམས་འགལ་གྱིས་བཙན་འཛུལ་བྱས་པས། ད་ལྟ་རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་རྒྱ་ཁོངས་ཡིན་ཚུལ་ངོས་འཛིན་ཐོབ་ཐབས་སུ་འབད་རྩོལ་ལྷོད་མེད་བྱེད་ཀྱི་ཡོད་ལ། གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གི་བཤད་ཚུལ་རྗེས་སུ་འབྲངས་ན་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པའི་སྐོར་གསུངས་འདུག དེ་བཞིན་དེ་གའི་གསར་ལམ་ཆེ་ཁག་ནང་བཅར་འདྲིར་ལན་འདེབས་གནང་བ་དང་། ལོ་རྗེས་མར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་༩༠ ལ་ཕེབས་སྐབས་ལོ་དེར་ཞི་བདེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་ལས་གཞིའི་སྐོར་འགྲེལ་བརྗོད་སོགས་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ནས་ཉིན་གྲངས་གསུམ་རིང་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༦ པ་འཚོག་བཞིན་འདུག་ཅིང་། ཐེངས་འདིའི་ཚོགས་ཐོག་ཏུ་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཕུད་པའི་སློབ་སྟོན་པ་དང་ཚོགས་ཆུང་གི་ཚོགས་མི་རྣམས་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་གཉིས་ཀྱང་མཉམ་ཞུགས་གནང་ཡོད་འདུག གཏན་འཇགས་ཐབས་བྱུས་ཚོགས་ཆུང་ནི་བཀའ་ཤག་སྐབས་༡༦ པས་དེ་སྔའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཞེས་པ་ཕྱིར་བསྡུ་གནང་སྟེ་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་། ཚོགས་ཆུང་འདིའི་སློབ་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ།   དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ། གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་བཅས་ཡིན་འདུག་ལ། ཚོགས་མིའི་ཁོངས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན། ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་བཅས་ཡོད་པ་རེད། ད་ལྟ་འཚོག་བཞིན་པ་འདི་གཏན་འཇགས་ཐབས་བྱུས་ཚོགས་འདུ་ཐེངས་དྲུག་པ་དེ་ཡིན་འདུག གོང་གསལ་གནས་ཚུལ་དག་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་སོགས་ནས་ཕྱོགས་བསྡུས་བྱས།


གསར་འགོད་པ། བསྟན་འཛིན་ལམ་བཟང་།