སྲིད་སྐྱོང་ལྕམ་མོའི་སྤྱན་ཆབ་ནས་གྲུ་ཟུར་གསུམ་པའི་ཟུར་ཉན།

 པདྨ་ཆོས་སྒྲོན་(གངས་སྒྲོན)

མི་ཁག་ཅིག་གིས་ཀླུ་མཁར་བྱམས་ལ་དམར་སྲུང་དམག་ལབ་པ་བཞིན། ང་ལ་མཚོན་ནའང་རྒྱ་མིའི་རིག་གནས་གསར་བརྗེ་ཉེ་སར་ཡོད་པ་ལྟ་བུའི་དངངས་སྐྲག་འདུག དེ་ལྟར་སེམས་འཁྲལ་བྱེད་མཁན་ང་གཅིག་པུ་ག་ལ་ཡིན། ཡུ་རོབ་གནས་སྡོད་གྲོགས་མོ་ཞིག་གིས་སྐད་འཕྲིན་ནས“ ད་སྐབས་ཁྱེད་ཀྱིས་ག་རེ་བྱེད་ཀྱི་ཡོད། ཁོག་གི་ཕྲུ་གུར་བསམ་ནས་སེམས་སྡུག་མ་བྱེད་ཨཱ། སྐད་འཕྲིན་ཚོགས་པ་སོགས་སུ་ཀླུ་མཁར་བྱམས་ལ་འདྲ་མིན་བཤད་མཁན་ཧ་ཅང་མང་གི  ངའི་སེམས་ན་ནི་ཞིག་རེད། མཚམས་རེར་ངའི་སེམས་སུ་ཁྱེད་ཀྱིས་བཟའ་ཟླ་འདེམས་པ་ནོར་འདུག་བསམ་པ་ཡང་བྱུང་གི  ཡིན་ནའང་་་་”ཞེས་སྐད་བཞག་འདུག ཡང་ཨ་རི་ནས་གྲོགས་མོ་གཞན་ཞིག་གིས “ འུ་ཚོ་འདི་ལྟར་སྤྱི་ཚོགས་སྟེང་ནས་ཁེར་རྐྱང་དང་། རྒྱང་ཕུད་ལ་གཏོང་སྟངས་འདི་བསམ་ན། རྒྱ་མི་ལ་མགོ་བཏགས་བཏང་ནའང་འདི་ལས་སྡུག་ཅིག་བྱུང་ཡ་ག་རེ་ཡོད་རེད། ང་ངོ་མ་སེམས་པ་སྐྱོ་ཀི   བཙན་བྱོལ་བོད་མི་འདི་ཚོར་ཞེ་མེར་ལངས་ཀི” ཟེར།  བཟའ་ཟླ་ནོར་འདུག་ཟེར་བ་འདིས་ངའི་མིག་ཆུ་རང་དབང་མེད་པར་ཤོར་སོང་། ཁོ་བཟང་ན་ངན་ན་ངའི་བུ་ཕྲུག་ཤི་གསོན་གསུམ་གྱི་ཕ་རྒན་རེད། ཡིན་ན་ཡང་། གྲོགས་མོར་སེམས་གསོའི་ཆེད་དུ། ཁོ་རང་འགྲན་རྩོད་ནང་ཞུགས་ཡོད་ཙང་ཡག་སྡུག་གཉིས་ཀ་བཤད་མཁན་མང་ནི་རེད། དེ་བས་ཁྱེད་ཀྱི་གྲོགས་མོ་ང་སྤྱི་འཐུས་ལ་ལངས་ཀི་ཡིན། བ་ན་(ཐུབ་ཚེ) ངའི་མཛད་འཕྲིན་དེ་ཚོ་བཀྲམ་རོགས་ཞེས། ཨམ་གཙིགས་བསྡམས་ནས་ལན་འདི་བཞག  ཡང་གྲོགས་མོ་ཕྱི་མ་དེར། ཨ་རོགས་སྐྱོན་ནི་མ་རེད། ཚང་མ་ལྔ་བཅུ་ལྔ་བཅུ་ཡིན་ནི་རེད། ང་དེ་ཚོར་སེམས་སྐྱོ་ཀི་མེད། སྣང་བ་གཏོང་གི་མེད། དེ་ལས་གོ་ཚོད་ལ་ཨ་རི་ནས་བུད་མེད་ལོ་གཞོན་མ་ཞིག་གིས། ཨ་མདོ་རྒྱ་བོ་དེ་སྣང་བར་འགྲོ་སོང་ཟེར་ནས། ཁོ་ལ་འོས་ལྡུག་ཆེད་ལོ་བཅུ་ལྷག་ལ་རང་བཙན་ལག་དེབ་ཀྱི་དཔྱ་དངུལ་ཆད་ཡོད་པ་སྡེབ་གཅིག་ལ་སྤྲོད་དགོས་ཐུག་ནས། ཨ་སྒོར་གཅིག་སྟོང་ལྷག་སྤྲད་ཡོད་པ་གོ་ཐོས་བྱུང་། དེར་བལྟས་ན་ངའི་རྒད་པོ་སྲིད་སྐྱོང་ལ་ཐོབ་མིན་གང་ལྟར་ངའི་ལག་ནས་ཤོར་ཉེན་འདུག ང་ལ་ཁྱེད་ཀྱི་སྡོངས་གྲོགས་དགོས་ངེས་རེད་ལབ་ནས། ཁོང་མོར་སེམས་གསོ་ཆེད་སྐད་ཆ་བསྐོར་ནས་སྣང་བ་འཁྲུལ་དུ་བཅུག

19e82422db7-3e6be279b71aཀླུ་མཁར་བྱམས་སྲིད་སྐྱོང་ལ་ལངས་བ་ནི།  རང་བཙན་འཐབ་རྩོད་ཆེད་ཡིན་པར་ཁོ་བོས་བཤད་ལ།  ངས་ཀྱང་དེ་རང་ཡིན་པར་སྨོན་ལམ་བཏབ། དེ་མིན་སྲིད་སྐྱོང་ལ་ལངས་བ་དེར་ལངས་བ་ཙམ་ལས་དམིགས་ཡུལ་མེད་ཚེ། དེ་ནི་སྤྱི་ཚོགས་འདིའི་ཁ་དམག་གི་གཡུལ་སར་ཁ་ཤོམ་འཐེན་དུ་ཕྱིན་པ་ལྟ་བུ། ངས་ཆབ་སྲིད་ཅང་མི་ཤེས་མོད། དེར་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་བཏང་བ་ཆུད་ཟོས་ཡིན་པ་གསལ་བོ་རེད། སྤྲེལ་ནག་པ་བློ་གྲོས་དཔལ་བཟང་གིས་”སྲིད་སྐྱོང་ལ་ལངས་མཁན་གཞན་པ་ཚོས་རང་ཉིད་མ་ཐོབ་པ་དེར་སོ་སོ་ཧང་སངས་ཀྱི་ཡོད་ན། ཀླུ་མཁར་བྱམས་གལ་སྲིད་ཐོབ་པའི་ཉིན་མོར་ཁོ་རང་ཐོབ་པ་དེར་ཧང་སངས་ཀྱི་རེད་”ཅེས་བསྡོམས་ཚིག་ཆོབ་ཚ་བོ་ཞིག་བཀོད་འདུག་ལ། དེ་ནི་ཆོབ་རང་ག་བ་ཞིག་མ་ཡིན་པར། ཁོའི་བསམ་སྤྱོད་ལ་ནང་རྒྱུས་ཅན་གྱི་གྲོགས་པོ་ཞིག་གི་སྐད་ཆ་རེད། གང་ལྟར་ཁོ་མ་ཐོབ་པ་དེ་ཁོ་རང་གི་ཁེ་སང་རེད་ཟེར་མཁན་ཡོད་ལ། ཁོས་ཀྱང་སྐྱོན་བརྗོད་མཁན་ཚོའི་ཁ་ནང་ལ་ལག་ཆ་གསོན་པོ་ཞིག་བཞག་པ་ནི “རྒྱལ་བཙོང་བའི་ཕྱོགས་སུ་འགྲོ་གི་རེད་” ཟེར་བའི་འགྲེལ་བརྗོད་དེ་རེད།  སྐབས་དེར་ཕྱི་ལོགས་སུ་ཁོ་ཐོབ་ས་རེད་ཟེར་ནས་རེ་ལྟོས་བྱེད་མཁན་རེ་འགའ་ཞིག་གིས།  ད་རྦད་དེ་ཟགས་སོང་ལབ་ནས་ངོ་ཐང་ལ་ལྷུང་ཡོད།  སྐད་ཆ་དེར“ཐང་གི་རྡོ་བླངས་ནས་རང་གི་རྐང་པ་བཅག་སོང”ཞེས་བརྒྱུད་ལམ་ཁག་ནས་དཔེ་འཇོག་བྱས།  དེ་ལ་རང་བཙན་འཐབ་རྩོད་པ་བསྟན་རྡོར་དང་། ཚེ་དབང་ནོར་བུ་སོགས་ཀྱིས་རྩོམ་བྲིས་ནས་རང་རང་གི་ལངས་ཕྱོགས་གསལ་བཤད་བྱས་འདུག ཡིན་ཡང་དེ་ནི་ཅུང་རྗེས་ཀྱི་སྐད་ཆ་རེད།

གང་ལྟར་ཁོ་རང་སྲིད་སྐྱོང་འོས་གཞིར་ལངས་པའི་ཟླ་ངོ་དེ་དག་གི་ནང་། ངེད་ཚང་དམག་ས་ཆུང་ཆུང་ཞིག་གི་བཀོད་འདོམས་ཁང་ཆགས་སོང་། ང་ཡང་ངང་ངམ་ཤུགས་ཀྱིས་འཐབ་ར་དེའི་ནང་གི་རྐང་དམག་ཞིག་གམ།  ཟུར་ཉན་པ་ཞིག་གོ་བབ་བཟུང་བ་མ་ཟད། ཐ་ན་ངའི་གཅེས་ཕྲུག་དྷོ་ལ་ཕྲུ་དཀར་ལ་བུ་བཅོལ་ཁང་གི་མ་མ་ཚོས་“སྲིད་སྐྱོང་ཕྲུ་གུ་”ཞེས་རྩེད་མཚར་བྱས་པ་རེད། དེ་ལྟར་ངེད་མ་བུ་ཚོའི་ཡིན་མིན་གོ་ཟློག་གི་སྤྱི་ཚོགས་ཀྱི་བརྙས་བཅོས་བཟེད་པ་མ་ཟད། ད་དུང་ཁོའི་ཁྱོ་དབང་རང་ལུགས་པའི་ངན་གཤིས་འཁུར་དགོས་ཐུག་ཡོད། མི་འདིའི་གྲོས་བསྡུར་ཅིག་གི་སར་ངས་ཁ་གྲགས་ན་མི་ཆོག་པའི་རྣམ་འགྱུར་སྟོན་ཤག་ཤག་ཡིན། ངས་ཀྱང་ཡན་པོར་གཏོང་གི་མེད། ད་ཨ་རོགས་ཁྱོད་སྤྱི་ཚོགས་ཀྱི་མཆུ་ཏོའི་མགོར་ལྕེབས་རྒྱུ་མང་དྲགས་སོང་། རང་བཙན་མི་ཁ་ཤས་ཀྱིས་སྤྱི་ཚོགས་ལ་ཆད་པའི་བུ་ལོན་མིན། ད་དུང་ཚོད་མི་འཛིན་ན། ཁྱོད་ལྟ་བུ་ནང་གི་ཕ་རྒན་མི་འཁྱོངས་མཁན་ཞིག་གིས། བོད་ཀྱི་སྲིད་སྐྱོང་ཡོང་གི་མ་རེད་ཅེས་སྤྱི་ཚོགས་ཐོག་དྲིལ་བསྒྲགས་བྱེད་རྒྱུ་ཡིན་ལབ་ནས་ངར་ངར་བྱས།

ཡང་སྐབས་དེ་ཤེད་ཅིག་ལ།  ང་སྤྱི་འཐུས་ལ་ལངས་རྒྱུར་བསྐུལ་མ་བྱེད་མཁན་ཚོགས་སྒེར་རེ་གཉིས་ཤིག་བྱུང་བ་ལྟར། ཁོ་ལ་ག་འདྲ་ཡོང་མིན་དྲིས་པར། མ་ལངས་ན་ཡག་གི་རེད། ང་ལངས་ཐོག་ཁྱོད་ལངས་ན་མཐོང་བདེ་བོ་མེད་ཁར། ངའི་རྐྱེན་གྱིས་ཨ་མདོ་བ་མགོ་བདེ་ཚོས་ཁྱོད་སོར་མོ་གང་གཏོང་གི་མ་རེད་ཟེར། དེ་འདྲ་ཞིག་ཡིན་ན་ང་དེ་བས་ཀྱང་ལངས་ངེས་ཡིན། ང་ཁྱེད་ཀྱི་འདྲ་བཤུས་མིན། ཨ་མདོ་བ་ཚོས་དེ་ཙམ་ཤེས་མིན་ལ་ཚོད་ལྟའི་ཆེད་ཡིན་ལབ་པ་དང་། སྔོན་འགྲོའི་འོས་ཁོངས་ནས་ཕྱིར་འཐེན་མ་བྱས། མཐར་ང་འོས་གྲངས་བསྡུར་ནས་ཤོར་སོང་། ཁོ་དབང་ཤུགས་ཅན་ཚོས་ཕུད་སོང་། གང་ལྟར་ངེད་གཉིས་གཅིག་པ་ཆགས་སོང་།

སྔར་ལོ་ནིའུ་ཡོག་ཏུ་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག (2015_2016) ལོར་འོས་བསྡུའི་ནང་ལྷན་ཚོགས་ཀྱིས་ཆ་ཤས་ལེན་རྒྱུ་ཐག་གཅོད་བྱུང་འདུག  དེའི་རྗེས་ལ་ལྡི་ལིར་འཚོགས་པའི་རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་གྱི་ཟུར་ཚོགས་ཐོག ཁོ་རང་རང་བཙན་ཤོག་ཁག་གིས་སྲིད་སྐྱོང་འོས་འགྲན་ནང་ཞུགས་རྒྱུ་ཐག་གཅོད་བྱུང་བ་བཞིན། ཚོགས་འདུ་དེ་ཚོར་ཞུགས་རྗེས་ཁོས་ཀྱང་འོས་འགྲན་གྱི་ལས་གཞི་འགོ་བཙུགས་པ་རེད། དེ་བས་ངེད་ཚང་ནས་ཚོགས་འདུ་ཐེངས་མང་འཚོགས། མང་དུས་མི་བཅོ་ལྔ་ཉི་ཤུ་དང་ཉུང་ན་འབྲེལ་ཡོད་ལྔ་དྲུག་རེ་རྟག་པར་ཡོད། ངས་གནམ་ལྷ་ཁོག་ལ་ཁུར།  ངྷོ་ལ་མཆན་ལ་བཟུང་ནས་འཛོམས་འཛོམས་ཚང་མར་ཞལ་ལག་བཟོ་རྒྱུ་སོགས་ནང་གི་ཨ་མའི་ཆེད་ལས་ཡིན་ཡིིན་པའི་ཁར། ད་དུང་འོས་བསྡུ་དང་འབྲེལ་བའི་ཆེད་རྩོམ་ཁག་ཕྱོགས་བསྡུས་དང་།  འགའ་ཞིག་ཡིག་སྒྱུར་བྱས།

ཐོག་མར་རྒྱབ་སྐྱོར་ཚོགས་ཆུང་གི་དྲུང་རྩིས་སྡེ་ཚན་ནང་།  བསྟན་འཛིན་ཆོས་སྐྱིད་དང་།  ཕུན་ཚོགས་དབྱངས་ཅན། བསྟན་འཛིན་ཚེ་ལྷ་སོགས་གཏན་འཁེལ་བྱུང་མཚམས། དངུལ་ཁང་གི་འཛིན་བྱང་སྒོ་ཕྱེས་པ་རེད།  ཁོ་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ནི་ཀླད་པ་ཕྱུག་པོ་དང་དངུལ་ཁུག་སྟོང་པ་ཅན་ཚོ (རྩོམ་པ་པོ་དང་། སྒྱུ་རྩལ་བ། ལས་འགུལ་བ) རྐྱང་རེད། རོགས་དངུལ་བསྡུ་རྒྱུའི་འགོ་བཙུགས་མ་ཐག  ཤེས་རབ་འོད་གསལ་དང་། བློ་བཟང་ཡེ་ཤེས། ཆོས་ཉིད་འོད་ཟེར་བཅས་ཀྱིས་ཐོག་མར་རང་ངོས་ནས་བློས་བཅད་མ་དངུལ་བསྡུ།  དེ་ནས་སྤྱི་ཚོགས་ཐོག་རོགས་དངུལ་བསྡུས་ན་ཡག་པོ་ཡོད་པའི་གྲོས་འགོ་བཏོན།  ཀླུ་མཁར་བྱམས་ཀྱིས་ཚོགས་ཆུང་གི་ཚོགས་མིའི་ལག་ནས་དངུལ་བསྡུ་མ་དགོས་པ་ཞིག་ཡོང་མདོག་ཁ་བོ་རེད།  དཀའ་ངལ་ལ་འཕྲད་ན་མ་གཏོགས་བསྡུ་རྒྱུ་མིན་ཞེས་ཁས་ལེན་བྱས་མ་སོང་།  དེ་བས་ངས་ཕྲུ་གུ་བཙའ་ཆེད་ལ་ཟུར་འཇོག་བྱས་པའི་ཧིན་སྒོར་ཁྲི་ལྔ་བོ་བཏོན་ནས་ཐོག་མའི་ལག་དངུལ་ལ་སྤྲད།  ཚང་མས་ངའི་གཏོང་ཕོད་ལ་བཀའ་དྲིན་ཞུས།

404907a8-ec-5da03c34e04cངོ་མ་བཤད་ན། ལྡོག་ཕྱོགས་ནས་འགོ་འཛུགས་མཁན་ཚོགས་གཙོ་སྤེན་པ་ཚེ་རིང་ཡིན་མོད།  དེ་ལ་བརྟེན་ནས་ཀླུ་མཁར་བྱམས་ཀྱི་རྒྱབ་སྐྱོར་ཚོགས་ཆུང་གི་མི་དེ་ཚོ་ཡང་གྲུང་རིག་རིག་བཟོས་སོང་། སྤེན་ཚེ་ནས་རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུ་མཁན་དམ་ཉམས (མི་དེ་འདྲ་བོ) མཉམ་པོར་སྡིངས་ཆ་གཅིག་ལ་མི་ལངས་ལབ་པ་མ་ཟད། ས་འོག་དར་ཐག་བརྒྱུད་ནས་གྲྭ་ས་ཁག་དང་། ཚོགས་སྐྱིད་རེ་གཉིས་ཀྱིས་ཁོ་རང་གི་གཏམ་བཤད་བཀག་འགོག་བྱས་ཤིང་། དེ་ཡང་གོང་རིམ་ཀྱི་བཀའ་འབྲེལ་གནད་འགག་ཅན་ཡིན་ལུགས་བརྗོད།  དེ་ཡི་མཇུག་སྐྱོང་ལ་བློ་བཟང་སངྒེའི་བཀའ་ཤག་གིས་ཀླུ་མཁར་བྱམས་རིག་འཚོ་མ་ཟིན་པར་(སྨྱོ་བཤད་རྒྱག་མཁན) ཞིག་རེད་ཅེས་གཞུང་འབྲེལ་གསལ་བསྒྲགས་ནང་སྤེལ། རིམ་པས་འོས་བསྡུ་ལས་ཁང་གིས་བརྒྱ་ཆ་ཉི་ཤུ་བཟོས་ནས་ཁོ་རང་དངོས་གཞིར་ལངས་མ་བཅུག་པ་སོགས་ལ།  <<ནིའུ་ཡོག་དུས་བབ།>>ཐོག (རུལ་དྲི་ཁ་བའི་བཙན་བྱོལ་བོད་མིའི་འོས་བསྡུ།) ཞེས་བསྡོམས་བརྒྱབས་ཚར་བས། ང་ལ་དེ་ལས་གཞན་ཞུ་ཡ་མེད། རྐྱེན་ངན་དེ་དག་གིས་དམངས་གཙོ་མཐོར་འདེགས་བྱས་པ་རེད་ཟེར་མཁན་ཡང་འདུག  དེ་མ་གཏོག་ཀླུ་མཁར་བྱམས་དང་རྒྱབ་སྐྱོར་ཚོགས་ཆུང་གིས།  [ཁོ་ཚོ་སྒོག་པ་བཙོང་མཁན་ཡིན་ན། ང་ཚོ་ཚྭ་བཙོང་མཁན་ཡིན] ཞེས། རང་གི་ཁྱད་ཆོས་བརྗོད་པ་ལས། གཞན་ལ་དམའ་འབེབ་བྱས་ནས་འགྲན་སློང་རྒྱུའི་སྦྱོར་བ་ཐོག་མ་ནས་བརྩམས་མ་སོང་།  རྗེས་སུ་ཁོའི་སྐད་ཆ་ཡང་གང་ཟག་གི་ཐོག་མར་འབབ་ཀྱིན་འདུག  ང་དེ་ལ་དགའ་བོ་མེད།

ཀླུ་མཁར་བྱམས་ལ་མཚོན་ན། བོད་རང་བཙན་ལེན་སྟངས་ཡིན་ན་རེད། བོད་པའི་སྤྱི་ཚོགས་འདིའི་བསམ་སྤྱོད་མཐོར་འདེགས་ཆེད་གཞི་རིམ་ཀྱི་སད་རྟོགས་ལས་འགུལ་ཞིག་སྔོན་ལ་འགྲོ་དགོས་པ་ནམ་རྒྱུན་བཤད་བསྡད་ཡོད། འོས་བསྡུའི་སྐབས་ཀྱང་ཁོའི་སྐད་ཆ་རྙིང་པ་དེ་རང་འཇགས་རེད།  བསམ་ཚུལ་དེ་འདྲ་ཞིག་གི་ཐོག་གཞི་རྩའི་རྒྱབ་སྐྱོར་ཚོགས་ཆུང་ཡང་ཁ་འཆམ་པར་བརྟེན། འཆར་སྒོ་གཉིས་དང་ངོ་རྒོལ་གཉིས[སྲིད་དོན་བསྐྱར་ཞིབ་ཀྱི་འཆར་སྒོ། གཞུང་སྲིད་བར་གནས་ཀྱི་འཆར་སྒོ། དད་པ་ལོག་སྤྱོད་ལ་ངོ་རྒོལ། བྲན་གཡོག་གཤིེས་སྤྱོད་ལ་ངོ་རྒོལ] ཞེས་པའི་འབོད་ཚིག་འདི་ཚོ་བཟོས། དེ་ལའང་རྩོད་གཞི་མེད་པ་མ་རེད།  དང་ཐོག་གྲོས་བསྡུར་སྐབས་བན་དེ་སྐྱབས་ལགས་ཀྱིས་མོས་མཐུན་མ་བྱས།  ཁོས (གཞུང་སྲིད་དབར་གནས) ལས་གཞན་གསུམ་ནི་ཤེས་རིག་གི་སྣང་ཚུལ་ཞིག་ལ་འགྲེལ་བརྗོད་ཙམ་ལས། གཞུང་འཛིན་པའི་སྒྲུབ་བྱའི་ངོར་བཞག་ན་ལག་པ་འཆིང་ས་མི་འདུག་ཅེས་ཨུ་ཚུགས་ཞེ་དྲགས་བསྐྱོན་སོང་། བསྟན་འཛིན་ཉིན་བྱེད་ཀྱིས (དམངས་གཙོ་དངོས་སུ་ལག་བསྟར) ཞེས་པའི་འབོད་ཚིག་དགོས།  དེའི་ནང་ང་ཚོའི་དཀའ་ངལ་ཚང་མ་འདུ་ཐུབ་ཟེར། འདི་དག་གཏན་འབེབས་ཆེད་དགོང་མ་མང་བོར་འཛོམས་དགོས་ཐུག

ཁོ་དང་ཁོའི་རྒྱབ་སྐྱོར་བ་ཚོ་མང་ཆེ་བ་གཅིག་པ་ཡིན། རྒྱས་འགྲེལ་གནང་དགོས་ཚེ་རིང་པོ་དང་སྙན་པོ་བཤད་ཡ་ཡོད་མོད། སྐད་ཆ་གཅིག་ཐོག་ལ་འབབ་རྒྱུ་ཧ་ཅང་ཁག ལས་དོན་དངོས་ནི་ཉི་མའི་རྒྱབ་ལ་ཟླ་བ་ལྷག་འགྲོ   ཁོ་ལངས་རྒྱུར་ཐག་གཅོད་བྱུང་མཚམས། རྒྱབ་སྐྱོར་ཚོགས་ཆུང་ནང་བསྟན་འཛིན་ཆོས་སྐྱིད་དང་། རྣམ་རྒྱལ་སྒྲོལ་དཀར། ཕུན་ཚོགས་དབྱངས་ཅན་སོགས་བུད་མེད་འཇོན་ཐང་ཅན་འདི་དག་མེད་ན། (ཕྱི་རྒྱལ་བ་དྭང་བླངས་ཚོས་ཉིན་མཚན་དབྱེར་མེད་ལ་ལས་ཀ་བྱེད་ཐུབ་པ་འདུག) དུས་ཚོད་ཐུང་ཐུང་དེའི་ནང་ཕྱོགས་བསྐྱོད་དང་། ཁྱབ་བསྒྲགས། གསར་འགོད་གསལ་བསྒྲགས། རོགས་དངུལ་བསྡུ་རྒྱུ་དང་། ཆེད་དམིགས་དྲ་རྒྱ་བཟོ་རྒྱུ་སོགས་སྔོན་ལ་སྒྲུབ་དགོས་པའི་ལས་དོན་ཁག་འགོ་འཛུགས་ཐུབ་མེད་པ་གསལ་བོ་ཡིན། དེ་ནི་ཁ་བཤད་ལས་ལག་ལེན་དུ་ཞུགས་ཆེ་བའི་བུད་མེད་ཚོའི་བཀའ་དྲིན་ཡིན།

ཁོ་རང་ལངས་རྒྱུའི་ཐག་གཅོད་བྱུང་མཚམས། སྔོན་འགྲོ་སླེབས་རྒྱུར་ཟླ་བ་གསུམ་ལྷག་ལས་མེད། དུས་ཚོད་དེའི་ནང་ཁོ་རང་དགུ་བཅུ་གསུམ་ཀྱི་ཚོགས་གཙོར་བསྐྱར་འདེམས་བྱུང་ནས་ལས་འགུལ་ཆེད་ལྡི་ལིར་འགྲོ་དགོས་ཐུག ད་དུང་ཁོས་ལངས་རྒྱུའི་བསྒྲགས་གཏམ་དངོས་སུ་སྤེལ་སྐབས་ཕ་རྒན་གཤེགས་ནས་བདུན་ཚིགས་དང་པོ་རེད།  བོད་ནས་ཁོའི་ནང་མིར་ཡང་དཀའ་ངལ་སྣ་ཚོགས་བྱུང་འདུག་ལ། དེའི་ཁར་ངའི་གྲོད་ཁོག་མཐོན་པོ་ཆགས་ཡོད།  ཕྱི་ནང་གི་ལས་བྲེལ་གྱིས་ཁོས་གང་བཤད་པ་དང་བྱས་པ་ཚང་མ་མགོ་མཇུག་མེད་པ་ཞིག་རེད།  ཁོ་རང་གིས་བསྒྲགས་གཏམ་ཐུང་ཐུང་དེ་གཅིག་པུ་ཡིག་ཐོག་ལ་འབེབས་རྒྱུར་ཟླ་བ་གཅིག་ལྷག་འགོར་སོང་།  མ་ཡིག་བོད་ཡིག་ཐོག་བྲིས་ཚར་རྒྱབ། བསྟན་འཛིན་ཉིད་བྱེད་དང་། ཤེས་རབ་འོད་གསལ། བློ་བཟང་ཡེ་ཤེས་བཅས་(བུ་ཆུང་བསོད་ནམས་ཀྱིས་དབྱིན་འགྱུར་གྱི་མཐའ་མའི་ཞུ་དག་བྱས)ཀྱིས་ཚན་པ་བགོས་ནས། ཞག་མ་གཉིས་ནང་དབྱིན་བསྒྱུར་བྱས་གྲུབ་སོང་། ལྷ་སྡེ་གནམ་ལོ་ཡག་གིས་རྒྱ་ཡིག་ལ་བསྒྱུར།  དུས་ཚོད་ཀྱི་དབང་གིས་བསྒྲགས་གཏམ་ཐོག་འཇམ་དབྱངས་ནོར་བུ་དང་། ཨ་མྱེས་རྨ་ཆེན་བཀྲ་ཤིས་ཚེ་རིང་། རྒན་ལྷ་བཟང་ཚེ་རིང་སོགས་ལ་གོ་བསྡུར་ཞིབ་ཚགས་མ་བྱུང་བར་ཚོགས་ཆུང་ནང་ཕངས་སེམས་འདུག

གཞན་ཡང་ཕར་ཕྱོགས་ནས་ཅི་བཤད་མིན་མ་ཡིན་པར།  ཁོ་རང་གི་བཤད་སྟངས་ལ་ཟ་ཟུར་མང་པོ་ཡོད་པ་དེར་ང་རང་གཙོས་རྒྱབ་སྐྱོར་བ་ཚོར་སེམས་འཁྲལ་ཡོད།  སྐབས་སྐབས་སུ་ནང་ཁུལ་ནས་བཤད་རེ་མང་བོ་ཡོང་གི་ཡོད།  སྐུ་ཞབས་བློ་བཟང་ཡེ་ཤེས་ལགས་ཀྱིས།  ང་ཚོས་གང་བཤད་རུང་མ་བཤད་རུང་། མཐའ་མར་ཀླུ་མཁར་བྱམས་ཀྱི་བསམ་ཚུལ་གཞིར་བཞག་ཐོག་ཚིག་ལ་སྣོན་འཕྲི་གང་དགོས་ལྟ་རྒྱུ་ཙམ་ལས།  ཁོང་གིས་མ་དྲན་པ་ཞིག་བཤད་བསྡད་ན།  མི་མང་ལ་འགྲེལ་བཤད་རྒྱག་མཁན་ཁོ་རང་ཡིན་སྟབས་ཡོང་ཡ་ཡོད་མ་རེད་བརྗོད། དེ་ནི་བསམ་ཤེས་ཀྱི་བཀའ་མོལ་ཞིག་ཆགས་སོང་། ཆོས་ཉིད་འོད་ཟེར་ནས་ཀྱང་དེར་མོས་མཐུན་བྱས།

ད་དུང་བློ་བཟང་ཡེ་ཤེས་ལགས་ཀྱིས་ཀླུ་མཁར་བྱམས་ལ་ཁྱོད་ཀྱིས་བློ་སེང་དང་སྤེན་ཚེ་སོགས་ལ་སྐྱོན་བརྗོད་རྒྱུ་ལས་རང་གི་འཆར་གཞི་དང་། རང་ཉིད་རྒྱ་འོག་ནས་བཙོན་ལ་ཕྱིན་དེ་མྱངས་པའི་བརྒྱུད་རིམ་བཤད་རྒྱུ་གལ་ཆེ། ཁོ་ཚོར་ཁྱེད་ནང་བཞིན་བློས་བཏང་དང་འཐབ་རྩོད་ལ་ཞུགས་པའི་ལོ་རྒྱུས་སྣེ་གཅིག་མེད།  དེ་ནི་ང་ཚོའི་ཕྱོགས་ཀྱི་མ་རྩ་ཆེ་ཤོས་ཡིན་པར་བརྗོད།  ཀླུ་མཁར་བྱམས་ཀྱིས་ང་སྒེར་གྱི་མི་ཚེ་ལོ་རྒྱུས་ཤེས་མཁན་ཚོས་ཤེས་ཡོད་པ་རེད། ད་རེབ་ང་སྲིད་སྐྱོང་ལ་ལངས་མཁན་རེད།  ཆབ་སྲིད་བཙོན་པ་ཉམས་ཐག་ཚོས་སོ་སོས་ཅིག་བྱས་རབས་དང་ལྷན་དུ་མུག་ཤི་བགྲང་བཞིན་པ་ལྟར།  ངའི་མི་ཚེའི་སྐོར་རིང་བོ་བཤད་ན་ཆོ་ཡོད་མ་རེད། གཙོ་བོ་བོད་དང་བོད་ཀྱི་ལོ་རྒྱུས་ལ་ངོས་འཛིན་ག་འདྲ་ཞིག་བྱེད་ཐུབ་མིན་དང་། དེ་ལ་བསྡོམས་བརྒྱབ་པའི་འཆར་སྣང་གསལ་འདོན་དགོས་པ་གལ་ཆེན་པོ་རེད་ཟེར་ནས། རང་ཉིད་ཀྱི་མི་ཚེ་སྐོར་ནས་མང་བོ་བཤད་རྒྱུར་མོས་མཐུན་བྱས་མ་སོང་།  ཁོ་མ་གཞི་ནས་དེ་འདྲ་ཞིག་རེད།  ཡིན་ཡང་བློ་བཟང་ཡེ་ཤེས་ལགས་ཀྱི་བསམ་ཚུལ་དེ་གལ་ཆེན་ཡིན་པར་ཚང་མས་རྒྱབ་སྐྱོར་བྱས་ཙང་།  ཁོས་ཀྱང་རང་གི་ལོ་རྒྱུས་དང་སེམས་ཚོར་འདྲེས་མ་ཞིག་གང་དྲན་ཚོད་ལ་བཤད་པ་དང་། དེར་གཞི་བཅོལ་ནས་བརྙན་ཐུང་སྐར་མ་བཅུ་ཙམ་ཡོད་པ་དེ་བཟོས།  དེའི་ནང་ལ་ཁོར་བཙོན་ཐག་བཅད་པའི་བཅད་ཁྲ་བཞག་ནས་ཚན་པ་ཞིག་བཟོ་དགོས་སྐོར་སྒྲིག་སྦྱོར་བས་རེ་སྐུལ་བྱས་ཀྱང་།  ཁོས་དེར་ཡང་ངོས་ལེན་མ་བྱས་པར། ལེ་ཚན་དེའི་ཚབ་ལ་“བོད་རང་བཙན་ངའི་ཚེ་སྲོག་ཡིན”ཞེས་པའི་ཡིག་ཕྲེང་དེ་བྲིས་པ་རེད།

ཁོས་ཁ་མ་གྲགས་སྔོན་ནས་གང་བཤད་རྒྱུ་ཡིན་པ་ངས་རོབ་ཙམ་ཤེས་ཀྱི་ཡོད།  མི་འདི་འཛིན་སྐྱོང་འཇོན་མཁན་ཞིག་མིན་པ་གསལ་བོ་ཡིན། ཁོ་རང་གིས་ནམ་རྒྱུན་དོ་སྣང་སྤྲོད་ས་དང་། འགྲོ་ཞོར་འདུག་ཞོར་ལ་ཁ་བསྔོག་ཙམ་བསྔོག་ཙམ་བྱེད་བཞིན་པའི་དེབ་དག་ལ་མཚོན་ནའང་། ལོ་ངོ་བརྒྱ་ཕྲག་གོང་ཡོ་རོབ་ནང་བྱུང་བའི་བློ་འབྱེད་ལས་འགུལ་དང་།  སྒྱུ་རྩལ་བསྐྱར་དར་སྐབས་ཀྱི་གནས་ཚུལ། ད་དུང་དེ་ལས་ཐག་རིང་བའི་སུའུ་གར་ཀྲིར་སི་དང་། པཱོ་ལ་ཐོའི་མཚན་ཉིད་སྐོར། བོད་བཙན་པོའི་དུས་ལ་དབུལ་ཕྱུག་བསྙམས་པའི་སྒྲུང་འདྲ་བོ།   ས་སྐྱ་དང་ཕག་གྲུའི་དུས་ཀྱི་སྡེ་གཟར་བྱུང་བའི་རྒྱབ་ལྗོངས་སོགས་རེད།  ཁོས་ལས་བྲེལ་ཆེ་བའི་བར་གསེང་དང་། ཕྱོགས་བསྐྱོད་སྐབས་ཁུར་ནས་འགྲོ་བཞིན་པའི་དེབ་ཡང་དེ་འདྲ་རྐྱང་རེད། ད་དུང་ཁོ་ལ་ཞན་ཆ་ཞིག་གམ། ཡང་ན་བཟང་ཆ་ཞིག་དུ་བགྲངས་ཆོག་པའི་གཤིས་སྤྱོད་ཅིག་ཡོད་པ་ནི། མི་གཞན་གྱིས་ཁོ་རང་སྐོར་ལ་རྩོམ་ཡག་སྡུག་གང་བྲིས་ཀྱང་ཁོས་དེ་ཚོར་སྣང་བ་གཏོང་གི་མ་རེད། ང་ཚོས་ཁོ་ལ་བཙན་བྱོལ་བོད་གཞུང་གི་ཁྲིམས་སྒྲིག་ཁག་དང་། རྩིས་ཞིབ་ཀྱི་སྙན་ཐོ་རིམ་པ། བོད་རྒྱ་ཞི་མོལ་གྱི་བརྒྱུད་རིམ། གཞུང་གི་བསྒྲགས་གཏམ་ཁག་སོགས། ཁ་ཡོད་ལག་ཡོད་ཀྱི་ཡིག་ཆར་ལྟ་དགོས་པར་བསྐུལ་མ་བྱས་པ་དང་། དེ་འབྲེལ་གྱི་རྒྱུ་ཆ་བསྡུ་རུབ་བྱས་ཡོད་མོད། ཧ་ལམ་ཁོས་དེ་ཚོར་མིག་གཤེར་ཙམ་ལས་བྱས་མ་སོང་།   བྱེད་བབས་དེར་ང་རླུང་ལངས་ནས། ཁྱོས་ཤི་ཚར་བའི་གནས་ཚུལ་དང་། ཤི་ཚར་བའི་མི་རྐྱང་གི་སྒྲུང་ཀློག་ནས་བོད་ཀྱི་ཛ་དྲག་གནས་སྟངས་ག་འདྲའི་ལམ་ནས་སེལ་ཐུབ་ཀྱི་རེད། སྲིད་སྐྱོང་ཕར་རིའི་སྤང་རྒྱན་རེད། མཐར་ཁྱོད་རང་ཡང་གནའ་མི་དེ་དག་གི་དུར་ས་ནས་གོ་མེད་ཚོར་མེད་ངང་ཤི་རྒྱུ་ཉག་གཅིག་རེད་ཅེས་ལབ་མྱོང་།

ཉིན་ཞིག་ཁོ་རང་ཨུ་ཐུག་འདུག རྣམ་འགྱུར་དེ་འདྲ་མཐོང་ཁག་ཚོད་ཡིན། ཅི་མ་ཉན་ཐལ་ཞེས་དྲིས་པར། སྐད་འཕྲིན་ནང་འདྲ་མི་འདྲ་འདུག་ཟེར། ཨ་ལེ་་སྐད་འཕྲིན་ཨེ་་་ངའི་སེམས་ལྷོད་ལ་བབས་སོང་།  ཁྱོད་ཀྱི་ཁ་ལག་གཉིས་ཀ་སྡོད་ཚོད་མེད་པ།  དཔའ་བོ་བཅའ་རྒྱུ་དང་སྲོག་ལ་འཛེམས་རྒྱུ་གཉིས་ཀ་ཡོང་གི་མ་རེད་ཅེས་སྡིགས་ཁུལ་བྱས།  མ་གཞི་སྐབས་དེར་ངོ་དེབ་དང་། སྐད་འཕྲིན་སོགས་སུ་་་ཀླུ་མཁར་བྱམས་ལྷོ་ཕྱོགས་ལ་སླེབས་ན་མེ་འཁོར་འབབ་ཚིགས་ནས་རུབ་རྡུང་རྒྱག་གི་ཡིན། ཨ་རིར་ཡོང་ན་བཟོ་ལྟ་བཟོ་ཀི་ཡིན། ཁོ་འདྲ་བོ་སྲིད་སྐྱོང་ལ་ཐོབ་པ་ཡིན་ན། ཉི་མ་དེར་ང་གངས་སྐྱིད་ཀྱི་སྒོ་ཁ་ནས་མེར་བསྲེགས་གཏོང་གི་ཡིན། ཁོ་རྒྱལ་བ་རིན་པོ་ཆེའི་ཁ་གཏད་རེད། བོད་མིའི་སུམ་ཆའི་གཉིས་ཁོའི་དགྲ་བོ་རེད་ཟེར་བ་སོགས་འདྲ་མི་འདྲ་སྤེལ་བཞིན་ཡོད་མོད། ཁོས་དེ་ཚོ་གནད་དོན་ཞིག་ལ་བརྩི་གི་མེད་ཁར། ངས་ཀྱང་མཐོང་མཐོང་བའི་སྟབས་ཀྱིས་བྲེད་ཚར་འདུག  ཉིན་དེར་ཁོས་བཤད་ན། རྡ་སའི་ཐང་ཁྲོམ་སྟོན་མཁན་ཚོས་ཀླུ་བྱམས་ཀྱིས་མཚན་སྨད་ཞུས་པར་བརྟེན། ཕ་ཡུལ་གྱི་མི་རྣམས་ངར་ལངས་ནས་ནང་མི་ཚང་མ་རུབ་རྡུང་བྱས་པ་མ་ཟད། ཁོའི་ཕ་མ་གཉིས་སྒོ་ལ་དྲུད་འདུག་ཟེར་ནས་གཅིག་ཁ་གཉིས་བརྒྱུད་ཀྱིས་བཤད་བཞིན་པ་ཁོའི་ལས་རོགས་ཤིག་གི་སྐད་འཕྲིན་ནང་འདུག་ལ། ཁོས་དེ་ནི་ད་བར་བྱུང་བའི་དཀྲོགས་གཏམ་ནང་ཞེད་སྣང་ཚ་ཤོས་རེད་ཟེར། ངས་དཀྲོགས་གཏམ་ནི་དཀྲོགས་གཏམ་རེད།  ཁྱེད་ཀྱི་ཕ་མ་གཉིས་ཀ་གཤེགས་ཚར་ཡོད་པས་སྒོ་ལ་འདྲུད་རྒྱུ་ཞིག་ག་བར་ཡོད་རེད་ཅེས་པར། ཁོས་མ་རེད། ངན་བསྐུལ་དེར་དོ་སྣང་སྤྲོད་དགོས་རེད།  དེའི་རྒྱབ་ན་རྒྱ་མི་ཡོད་སྲིད་ལ། མདོ་དོན་ཕར་ནས་ནང་མིར་ཅིག་བཅའ་དགོས་རེད་ལབ་ནས། ཐད་ཀར་ངན་སྐུལ་བྱས་པ་དང་གཅིག་པ་རེད་ཟེར། གང་ལྟར་ཁོས་བསམ་བློ་དེ་འདྲ་ཞིག་གཏོང་གི་འདུག

ངས་ཁོ་རང་གི་སྐད་ཆ་དེའི་རྔ་མར་འཇུས་ནས་གོ་སྐབས་ཤིག་ཏུ་བཟུང་སྟེ། ད་ངས་བལྟས་ན་ཁྱོད་འོས་འགྲན་ནས་ཕྱིར་འཐེན་བྱ་རན་འདུག མི་ཐོབ་པ་ཐག་གཅོད་རེད། ད་དུང་གཏུམ་སྤྱོད་ཅན་འདི་ཚོས་ཁྱེད་སྡིངས་ཆ་ཞིག་ལ་མི་སླེབས་རྒྱུའི་ཆེད་དུ་ཐབས་ཤེས་ཡོད་རྒུ་བྱེད་ཀྱིན་པར་བལྟས་ན། ཁྱོད་ཀྱིས་དོན་དངོས་ཐོག་ཁོ་ཚོའི་ཁེ་ཕན་ལ་ཉེན་ཁ་ཡོད་པ་མཐོང་ཉིན། ཁོ་ཚོས་ཁྱེད་འདྲ་བོ་རྩ་མེད་བཟོ་སྲིད།  བཙན་བྱོལ་ནང་འདི་འདྲ་བྱུང་མྱོང་བ་རེད་པ་ཅེས་དང་།  ངས་ད་དུང་ཁོ་ལ་ནན་བཤད་བྱས་པ་ནི། ངའི་ཕྲུ་གུ་དང་པོ་མ་འཚམས་པའང་སྤྱི་ཚོགས་ཀྱི་ཁ་རྡུང་གིས་ཡིན་སྲིད་ཅེས་དྲན་བསྐུལ་བྱས། (སྐབས་དེར་མདོ་སྨད་སྤྱི་འཐུས་ཤིག་གིས་ཀླུ་མཁར་བྱམས་ཀྱི་ཕྲུ་གུ་ཤི་བ་ནི་ཁོས་མཚན་སྨད་ཞུས་པའི་རྣམ་སྨིན་རེད་ཅེས་བཤད་པ་མིའི་ཁ་ནས་གོ་སོང་། ངས་དེ་རིང་མི་དེའི་བཟའ་ཟླ་དང་ཕྲུ་གུར་བསམ་བློ་བཏང་ནས་མིང་འདིར་འབྲི་རྒྱུ་མིན། ཡིན་ན་ཡང་། ཉིན་དེ་ནས་བཟུང་ངས་གྲོས་ཚོགས་ཀྱི་བརྙན་འཕྲིན་ལ་ཐེངས་གཅིག་ཀྱང་ལྟ་མ་མྱོང་། མི་དེའི་གདོང་པ་མཐོང་ན་ང་ཅིག་ཆགས་འགྲོ་གི )  ད་དུང་སྐབས་དེར་བོད་ཕྱི་ནང་གི་གྲོགས་པོ་གང་མང་གིས་ངེད་ཚང་གི་བདེ་འཇགས་ལ་སེམས་ཁྲལ་ཇེ་ཆེར་སོང་བ་དང་བསྟུན། ངས་ཁོ་ལ་རྒྱ་གར་སྐོར་སྲུང་བར་ལན་བསྐྱལ་ན་ལབ་ཀྱང་།  ཁོས་བོད་ནང་གི་སྤུན་མཆེད་ཚོར་དཀའ་ངལ་མ་བྱུང་ན། འདི་གར་སྐྱོན་ཡོད་མདོག་ཁ་བོ་མ་རེད། གནད་དོན་ཆུང་ཆུང་ཆེན་པོ་བཟོ་དགོས་པ་མ་རེད་ཅེས་ངའི་ཁ་བཀག་སོང་།   མདོ་དོན་ཁོ་རང་འོས་འགྲན་ནས་ཕྱིར་འཐེན་བྱ་རྒྱུ་ཕར་ཞོག་སུ་ཞིག་ལ་བཅག་བཅག་ཡིན་པ་འདྲ་བོ། གསར་འགོད་གསལ་བསྒྲགས་སྐབས“རང་བཙན་འཐབ་རྩོད་ཆེད། བླ་མ་དང་དད་པ། སྐྱེས་དམན་དང་ཕྲུ་གུ་ཚང་མ་བློས་གཏོང་དགོས་ཀྱང་གཏོང་གི་ཡིན” ཟེར་ནས་འུར་ཤོམ་འཐེན་འདུག སྐད་ཆ་དེ་ཚོ་མཐོང་འཕྲལ་ངས་ཁོ་ལ་སླར་ཡང་ཁ་རྩོད་བརྒྱབས། ངས་ནི་རང་བཙན་མ་བཙན་མི་ཤེས། མི་ཁྱོད་ཅན་པོས་རྡ་སའི་ཆབ་སྲིད་ཆུང་ཆུང་འདི་ཁྱི་ལྟོགས་པའི་ཁ་ནང་ལ་རུས་གོག་ཤོར་བ་བཞིན་བྲོ་བ་ཡན་གར་བ་ཞིག་རྙེད་འདུག ང་དེར་སུན་སྣང་སྐྱེས་ཀྱིན་འདུག་ལབ་པ་ཡིན།

ང་ལ་མཚོན་ན་སྤྱི་ཚོགས་འདི་རྩ་ཚང་བ་ཞིག་ལ་མཐོང་གི་མེད། ལོ་ལྔའི་གོང་མདོ་སྨད་སྤྱི་འཐུས་ཀྱི་ཁོངས་སུ་ཁོ་རང་གི་མིང་སླེབས་མ་ཐག་ནས་གསལ་བོ་ཆགས་ཡོད།  དེ་དུས་གཙོ་བོ་ཨ་མདོ་བ་ཚོའི་ནང་རྒྱ་དང་བོད་ཐུག་པ་ལས་ཀྱང་ལྷག་པའི་ཟིང་ཆ་ལངས་སོང་། ཀླུ་མཁར་བྱམས་ཁྲིམས་ཁར་སྐྱེལ་དགོས་ཡོད། དགུ་བཅུ་གསུམ་ནས་འཕུད་དགོས་ཡོད་ཟེར་བ་སོགས་ཀྱི་གཏུགས་བཤེར་ཡི་གེ་བཏང་བ། ཚོགས་པའི་སྒོ་ལ་སྦྱར་ཡིག་སྦྱར་བ་སོགས་བྱུང་བ་དང་། ཁོ་རང་སྤྱི་འཐུས་ཀྱི་སྒུག་ཐོར་སླེབས་མ་ཐག་གཞུང་ཕྱོགས་ནས་ཡར་འགྲོ་མ་བཅུག་པར་ཁྲིམས་སྒྲིག་ལ་མ་གསལ་བའི་བར་མའི་འོས་བསྡུ་བྱས་ནས་ད་ལོའི་བརྒྱ་ཆ་ཉི་ཤུ་དང་གཅིག་མཚུངས་བྱུང་ཡོད་ལ། སྐབས་དེ་ཤེད་ཅིག་ལ་ཁོ་རང་དང་ནོར་ཝེ་རླུང་འཕྲིན་ཁང་གི་སྐལ་བཟང་གཉིས་དགོང་མོ་ནང་དུ་ལོག་སྐབས། ལམ་བར་ནས་ཅིག་གིས་རྡོ་གཞུས་པ་ཁོར་མ་ཕོག་པར། སྐལ་བཟང་གི་ལག་པར་ཕོག་པའི་གནས་ཚུལ་ལྷག་པ་དང་། མ་ཟད་དགོང་མོ་དེ་འདྲར་ “མཚན་སྨད་ཞུ་མཁན་ཁྱོད་སྒོ་ལ་ཐོན་ཤོག་ཟེར་” ནས་སྐད་གཏོང་མཁན་སོགས་ཀྱང་ང་ཡོད་ས་ནས་བྱུང་མྱོང་ཡོད། ད་དུང་སྐབས་དེར་ལྷ་སྡེ་གནམ་ལོ་ཡག་གིས་སྤེལ་བའི་རྩོམ་ཡིག་ནང་། ཁོང་ལ་ཁྱེད་ངྷ་རམ་སཱ་ལར་ཀླུ་མཁར་བྱམས་ཀྱི་རོ་ལ་བདག་པོ་རྒྱག་ཏུ་འགྲོ་བའི་གྲ་སྒྲིག་དགོས་ཚུལ་གྱི་ཉེན་བརྡ་འབྱོར་བ་གསལ་ཡོད།

ཁོ་ཙམ་མ་ཟད་ང་རང་ལ་མཚོན་ནའང་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པ་དེ་འགྲིག་མེད་ན་དགོངས་དག ཡིན་ཡང་། ངའི་ཕྲུ་གུ་བསམ་མེད་གཉིས་ཀྱིས་བོད་ལ་ནག་ཉེས་རྐང་གཅིག་བསགས་མེད། འོན་ཀྱང་། མི་ཁག་ཅིག་གིས་ཁོ་བོར་ཁ་རྡུང་བཏང་ནས་སྙིང་ནད་མ་སངས་པར། ངའི་ངོ་དེབ་ནང་གི་པར་རྙིང་པ་དེ་ཚོའི་གཤམ་འོག་དང་། སྒེར་འབྲེལ་ཐོག་ལན་བཞག་སྟེ།   ཨ་གསོན་འདྲེ་མ་ད་ཁྱོད་ཀྱིས་འདུག་ཚོད་ཟུངས་ཟེར་བ་དང་། ངའི་ཕྲུ་གུའི་པར་གྱི་འོག་ལ་འདི་ཚང་གི་འདྲེ་ཕྲུག་གན། སྤྱི་ཚོགས་ཀྱི་གད་སྙིགས་ཟེར་བ་འདྲ་བོ། ཁྱེད་ཀྱི་ཁྱོ་ཀ་ངའི་དགྲ་བོ་ཡིན། ཁྱོད་འདྲ་བོ་མདོ་སྨད་སྤྱི་འཐུས་ལ་ལངས་ན་འོས་མི་ལྡུག་སེམས་ཐག་ཡིན་ཟེར་བ་དང་། མོ་རང་ཀླུ་མཁར་བྱམས་ཀྱི་སྐྱེས་དམན་རེད་འོས་མ་ལྡུག་ལ་སོགས་ག་ཚོད་བྲིས་ཡོད་པ་རྒྱ་སྡེའི་མིག་ཁར་བཤམས་ཡོད་ལ། ཧུར་བརྩོན་ཅན་ཚོས་དེ་འབྲེལ་གྱི་ལས་འགུལ་ཡང་གང་འཚམ་ཞིག་སྤེལ་སོང་། དམོད་མོ་དང་ཁ་རྡུང་འདི་དག་ལས་ཀྱང་། ངའི་སེམས་སུ་ཟུག་གཟེར་སློང་བྱེད་ནི་འདི་ལྟར་བཤད་མཁན་མང་ཆེ་བ་མིང་རྫུན་འོག་ཡིབ་ནས་སྐད་འཕྲིན་དང་ངོ་དེབ་ཀྱི་གདོང་པར་ལ་རྒྱལ་བ་རིན་པོ་ཆེའི་སྐུ་པར་དང་།  ཡང་ན་སངས་རྒྱས་ཀྱི་སྐུ་བརྙན་བཞག་ཡོད། དེ་བས་ངས་ངོ་དེབ་ནང་གི་ནང་པ་དད་པ་ཅན་འདི་དག་གང་ཐུབ་ཅིག་གཏན་འགོག་(block ) བྱས་པ་མ་ཟད།  ཀླུ་མཁར་བྱམས་ཀྱི་ངོ་དེབ་ནས་ཀྱང་སྐོར་ཞིག་གནག་སུབ་བཏང་། ངས་ཅིག་བྱེད་ཐུབ་པ་ནི་དེ་ཙམ་རེད།

དྲང་མོར་བཤད་ན། ངོ་དེབ་དང་སྐད་འཕྲིན་སོགས་སུ་བློ་བཟང་སེངྒེ་དང་།  སྤེན་པ་ཚེ་རིང་། ད་དུང་བཀྲིས་དབང་འདུས་སོགས་སྲིད་སྐྱོང་ལ་ལངས་མཁན་ཚང་མར་སྡུག་རིགས་ངན་ཚད་བཤད་པ་མཐོང་རྒྱུ་འདུག ཡིན་ཡང་། ཁོང་རྣམ་པའི་སྐུ་ལྕམ་དང་ཕྲུ་གུར་ངེད་མ་བུ་ཚོ་ནང་བཞིན་ཁ་རྡུང་རེག་མེད་ཚོད་ཡིན། གལ་སྲིད་ཡོད་པ་ཡིན་ན་ང་ཁྱེད་ཅག་གི་རྒྱབ་རྩར་ཀ་ལངས་ལངས་ཡིན་ཟེར་ན་སྐད་ཆ་ཆེ་དྲགས་ཡོད་མོད། ལྷན་རྒྱས་ལ་གདུང་སེམས་མཉམ་སྐྱེད་ཡོད་དང་ཡོད། ཚོགས་གཙོ་སྤེན་ཚེ་ནས་ངའི་རྒད་པོ་༸གོང་ས་མཆོག་ལ་ཁ་གཏོང་མཁན་གྱི་དམ་ཉམས་ཤིག་རེད་ལབ་ན་ཆོག  སྲིད་སྐྱོང་བློ་སེང་གེས་ངའི་རྒད་པོ་སྨྱོ་བཤད་རྒྱག་མཁན་གྱི་སྨྱོན་པ་རེད་ལབ་ཡོད་ན་འདྲ།  ཁྱོ་ག་ཚོས་ཁ་ཕོ་རུས་རྩོད་སར་སྨན་ཅོ་ཐོགས་རྣམས་ལ་ཇུས་གཏོགས་མེད་ན་རེད།  སྒོས་སུ་ཕྲུ་གུ་བསམ་མེད་རྣམས་ལ་འབྲེལ་བ་རྐང་གཅིག་ཆགས་མེད། ཡིན་ནའང་། ཁོ་ལ་ཁ་ནས་བཤད་པ་ཙམ་མ་ཡིན་པར་གོང་ནས་ཞུས་པ་བཞིན། ལག་ལེན་དངོས་ཀྱི་ཐོག་ཚུལ་མིན་གྱི་སྦྱོར་བ་རྩོམ་རྒྱུར་གྲབ་ཤོམ་མཁན་ཡོད་ཁར། ཁོའི་འགྲོ་རོགས་འདུག་རོགས་ཚོས་ཀྱང་དོན་དག་མེད་སར་ཁ་རྡུང་བཟེད་ཡོད། དེའི་ནང་ཚེ་རིང་གཡུ་སྒྲོན་གྱི་ནང་མིས་ཁོ་ལ་རྒྱབ་སྐྱོར་བྱས་པར་བསྙོན་ནས།  སྔར་ལོ་ལྷོ་ཕྱོགས་རྒྱུད་སྨད་གྲྭ་ཚང་ནས༸གོང་ས་མཆོག་གི་གསུང་ཆོས་སྐབས།  དགོན་པའི་མགོ་བ་ཚོས་ཚེ་རིང་གཡུ་སྒྲོན་གྱི་ནང་མི་ཆོས་ཞུ་སར་ཡོང་མི་ཆོག་ལབ་པ་མ་ཟད།  ཁོང་ཚང་གི་ཚོང་ཁང་ནང་ནས་ཅ་ལག་ཉོ་མི་ཆོག་སྐོར་ཧོང་སོར་ནས་ཡིག་འཁྱམས་བཀྲམ་པ་སོགས་བྱས་འདུག གཞན་ཡང་ཁོ་བོར་རྒྱབ་སྐྱོར་བྱེད་མཁན་གྱི་གྲས་སུ་བཟའ་ཚང་ཁ་ཁར་ཕྱིན་པ་དང་། ཕ་བུའི་འབྲེལ་ལམ་བཅད་པ་དེ་འདྲ་ཡང་དངོས་སུ་གོ་རྒྱུ་འདུག

རེད་དེ། ང་རང་ངོ་མ་ཨུ་ཐུག་ཏུ་འཇུག་མཁན་གཞི་རིམ་མང་ཚོགས་མིན། ཁོ་ཚོར་ཁ་སྟབས་དེ་ལས་ཡོད་པ་མ་རེད་ལ། འོས་འགྲན་ནང་ཞུགས་མཁན་ཚོས་ཅིག་གི་ཁ་དང་ཅིག་གི་སྣ་རྩོད་བཞིན་པའང་རྒྱུན་ལྡན་ཡིན་སྲིད། གཙོ་བོ་འོས་སང་ཉིན་ལྡུག་པའི་དེ་རིང་།  ཕྱི་ལོ ༢༠༡༥ ཟླ ༡༠ ཚེས ༡༧ ཉིན། (ཉིན་གཉིས་གོང་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་མི་ཆོག་པ་སྒྲིག་གཞིར་འཁོད་ཡོད) སུད་སི་གྲོང་ཁྱེར་ཧོར་ངྒན་དུ་ཚོགས་འདུ་ཞིག་གི་སར། ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་ཀླུ་མཁར་བྱམས་ལ་གཤེ་གཤེ་བཏང་བ་དང་།  (ཚོགས་ཐོག་དེར་ཡབ་གཞིས་བསྟན་པ་ཚེ་རིང་གིས་དེ་བས་ཁ་གསལ་ནས་བཤད་འདུག) བརྙན་ཐུང་དེ་མཐོང་འཕྲལ་ང་རང་ཞེ་མེར་ལངས་སོང་། དགོང་མོ་དེར་ངའི་ངོ་དེབ་ཐོག “་བཟའ་ཟླ་ལགས། ཁྱེད་ཀྱིས་གང་བཤད་དང་གང་བྱས་ཐམས་ཅད་ལ་ངས་རྒྱབ་སྐྱོར་ཡོད་མེད་ལ་མ་ལྟོས་པར། མདོར་ན་བོད་ཀྱི་ཆེད་དུ། བོད་སྤྱི་ཚོགས་ཧྲིལ་བོ་ཁྱེད་ཀྱི་དགྲ་རུ་ལངས་སྲིད་ནའང་། ཉི་མ་དེར་ང་ཁྱེད་ཀྱི་རྒྱབ་ན་ཡོད། འདི་ནི་གནས་ལུགས་ལས་འགོངས་པའི་འོས་འགན་དུའང་བརྩིས་ཆོག”ཅེས་སྡུག་གཏམ་འདི་ཤར་མར་བྲིས་ནས་བཏང་བ་ཡིན། དེ་ནི་ང་བུད་མེད་ཅིག་གིས་ཕྱུ་པའི་ཐུ་བ་སྐེད་པར་དཀྲིས་ནས་རྐང་དམག་གི་སྐྱེ་བ་བླངས་པའི་དོན་གོ་ཡིན།

ཨ་མ་རྗེ་བཙུན་པདྨ་ནི་སྐུའི་གཅུང་མོ་ཡིན་པའི་རྒྱུ་མཚན་གྱིས་སྤྱི་མི་ཞིག་ལ་གཙུག་གིས་བཀུར་ཡོད། ལོས་ཡིན། ང་རང་ཡང་དེའི་ནང་གི་གཅིག་ཡིན། གནས་ཚུལ་དེ་ཚོ་མ་བཤད་ཀྱང་ཆོག མོ་རང་མ་མཐར་ཡང་ཕྲུ་གུ་ཤི་གསོན་འགའི་ཨ་མ་ཀྲོང་ཀྲོང་ཞིག་རེད་ལ། ཁྱོ་བོའི་ཤུལ་ལ་ལྷག་པའི་སྐྱེས་མ་ལས་ངན་མ་ཞིག་ཀྱང་རེད། འཇིག་རྟེན་གྱི་སྐྱིད་སྡུག་གང་འཚམས་ཤིག་རང་སྟེང་ལ་དཔེ་བླངས་ནས་བསམ་བློ་གཏོང་ཐུབ་དགོས་ཚོད་ཡིན། ཚོགས་ཐོག་དེར་ཁོང་བཟའ་མི་གཉིས་ཀ་དུས་གཅིག་ལ་ཡར་ལངས་ནས་ངར་སྟངས་ལ་བལྟས་ན། (ཀླུ་མཁར་བྱམས་ཀྱི་ཁ་གཏད་ལ་བོད་སྤྱི་ཚོགས་ཀྱི་སུམ་ཆ་གཉིས་དགྲ་རུ་ལངས་ནས) ངེད་བཟའ་མི་གང་བོ་གསོན་པོར་དུར་འཇུག་བྱས་ཀྱང་རུང་། བོད་གངས་ཅན་གྱི་ཨ་མ་ཟེར་ནས་བསྟོད་གླུ་འབུལ་སྐབས། ཞལ་འཛུམ་བག་ཁྲོལ་ལེར་བཞུགས་ཐུབ་མཁན་གྱི་སྙིང་རྗེ་བདག་མོས།  ཕྱོགས་དེར་སྤྱན་ཟུར་གཡོ་ཙམ་ཡང་གནང་ས་རེད་མི་འདུག

ཨ་མ་རྗེ་བཙུན་པདྨ་ལགས་ཀྱི་གསུངས་བབས་ནི། ཁོ་རང་ཙམ་མ་ཡིན་པར་བཙན་བྱོལ་ནང་གི་ཤེས་ཡོན་ཡོད་ཟེར་མཁན་ཚང་མ་དང་། ནང་སྒོས་སུ་བོད་ཕྲུག་ཁྱིམ་སྡེ་ནས་སློབ་སྦྱོང་རག་མཁན་ཞིག་དང་། མདོར་ན་དེར་ལྟོ་ཟ་མྱོང་མཁན་ཞིག་ཡིན་ཕྱིན། རྒྱལ་བ་རིན་པོ་ཆེར་སྐྱོན་འཛུགས་བྱེད་མཁན་ཞིག་ལ་འོས་བླུགས་པ་ཡིན་ན། ད་ཁྱེད་ཚོ་ཚད་ག་བར་སླེབས་པ་རེད་ཟེར་ནས་ངར་བཞིན་པ་འདི་རེད། ང་ཚོར་ཁྲིམས་ཤིག་ཡོད་པ་ཡིན་ན། (འོས་བསྡུའི་སྒྲིག་གཞིའི་ནང་འོས་མི་གང་ཞིག་ལ་རྒྱབ་སྐྱོར་བྱེད་ཞོར། དེའི་ཁ་གཏད་འོས་མིར་འོས་ལྡུག་མི་ཆོག་པར་མང་ཚོགས་ལ་གནོན་ཤུགས་སྤྲོད་པ་དང་། ཡང་ན་བརྒྱུད་སྐུལ་མི་ཆོག་པ་གསལ་བོ་འཁོད་ཡོད) དེ་བས་རྒྱལ་བ་རིན་པོ་ཆེའི་མཚན་གནས་ཁུར་ཡོང་ནས་གནོན་ཤུགས་སྤྲད་པ་ལས་ལྷག་པའི་བཙན་བྱོལ་ནང་གནོན་ཤུགས་གཞན་ཞིག་མེད་པ་གསལ་བོ་ཡིན། དམངས་གཙོར་འདི་ལྟ་བུའི་ལོག་འགྲེལ་ཞིག་དང་། ཤེས་ཡོན་ཅན་ལ་འདི་ལྟ་བུའི་མཐོང་ཆུང་ཞིག་ངས་ད་བར་གོ་མྱོང་མེད། ཉིན་གཅིག༸གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གིས་གནས་ཚུལ་འདི་དག་མཁྱེན་ན། གང་གི་གཅུང་མོ་བཀའ་འགུགས་ཐོག་གཤེ་གཤེ་ཚ་ཐག་ཆོད་ཅིག་གཏོང་གི་རེད་བསམ་ཡོད། ངས་དེར་རེ་བ་བཅིངས་ཡོད།

མཐའ་དོན། ཁོ་རང་སྲིད་སྐྱོང་གི་འོས་འགྲན་ནང་ལངས་པ་དེར་ཁོ་རང་མི་སྒེར་ལ་ཁ་རྡུང་གཏོང་མཁན་ཡོད་པ་ཙམ་དུ་མ་ཟད། གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཚོགས་མི་ཁྲི་ལྷག་ཡོད་ཟེར་མཁན་ཚོར། ཁྱེད་ཚོ་རང་བཙན་རྩོད་མཁན་ཡིན་ན་ད་ལོ་ག་པར་ཕྱིན་པ་རེད་ཟེར་ནས་ཚ་འདེད་གཏོང་མཁན་བྱུང་འདུག་ལ། ཁོ་ལངས་པ་དེར་གདེངས་འཇོག་བྱེད་མཁན་ཡང་བོད་ཕྱི་ནང་གཉིས་(ལས་འགུལ་ཆེད་ཞལ་འདེབས་ཀྱང་ཧིན་སྒོར་འབུམ་བཅུ་ལྷག་རག་ཡོད)བྱུང་པ་མ་ཟད། རྒྱབ་སྐྱོར་དེ་ཡང་མི་རིགས་དབྱེར་མེད་དང་རྒྱལ་མཚམས་རུས་མེད་ཞིག་རེད་ལ། ཐ་ན་རྒྱ་རིགས་ཤེས་ལྡན་པའི་ཁྲོད་ནས་ཀྱང་རྒྱབ་སྐྱོར་བྱེད་མཁན་མི་ཉུང་བ་ཞིག་བྱུང་སོང་། དེ་བས་ཀྱང་དགའ་འོས་པ་ཞིག་ལ། སྔོན་འགྲོའི་སྐབས་ཁོ་རང་ལ་ཁ་ཆག་སྣ་རལ་མ་བྱུང་མ་ཟད། སྲིད་སྐྱོང་གི་ཨང་རིམ་གསུམ་པར་སླེབས་པ་དང་། ང་ཡང་སྤྱི་འཐུས་ཀྱི་དངོས་གཞིའི་ནང་སླེབས་འདུག་ན། འོས་ཐོབ་མིན་ལ་མ་ལྟོས་པར། སྤྱི་ཚོགས་ཀྱི་སྣང་ཚུལ་དངོས་ནི་བརྒྱ་ཡིས་འདོད་པ་སྟོང་གིས་མི་འདོད་པ་གསལ་བཤད་བྱས་ཡོད། དེ་བས་ང་སྒེར་ལ་མཚོན་ན་བློ་ཁ་ཡོངས་སུ་ཚིམས་ཡོད། རེད་དེ་ང་ནི་ད་དུང་མུ་མཐུད་ནས་ཨུ་ཐུག་དོན་ག་རེ་ཡིན་ཟེར་ན། དྲ་ལམ་ཁག་ན ༢༠༢༡ ལོར་ཁོ་རང་སླར་ཡང་སྲིད་སྐྱོང་ལ་ལངས་དགོས་རེད་ཟེར་ནས་རླུང་ཞིག་རྒྱག་བཞིན་འདུག རླུང་དེ་རྒྱུན་ལྡན་ཞིག་མ་རེད། ངའི་མཐོང་ས་དང་གོ་ས་ནས་དེ་འདྲ་བཤད་མཁན་བྱུང་། མ་གཞི་ངའི་ཁྱོ་གས་བོད་མི་རིགས་ཀྱི་ཆེད་དུ་ཁོ་ལ་འཚམས་པའི་ཕུགས་ཞིག་བསམ་འདེམས་པ་དེ་ནོར་མེད་ན། ངས་ཀྱང་གྲོགས་མོས་བཤད་པ་ལྟར་ཁྱོ་ག་འདེམས་པ་ནོར་མེད་པ་བདེན་དོན་གྱི་ཆེད་དུ་ཡིན་ཟེར་ཆོག་མོད། སྐད་ཆ་དམར་དམར་པོ་བཤད་ན། ང་ལ་བཙན་བྱོལ་ནང་གི་འཐབ་རྩོད་ཀྱིས་འགྲིག་སོང་། ད་ནས་བཟུང་ང་ལ་རྐང་དམག་གི་གོ་གནས་འདི་མི་དགོས། ཟུར་ཉན་པའི་སེམས་འཁྲལ་འདི་མི་དགོས། སྐུ་ལྕམ་དང་པོའི་རྨི་ལམ (Dream of being a First lady ) ནི་དེ་བས་ཀྱང་མི་དགོས། ངའི་བརྩེ་བའི་ཁྱོ་གས་ངེད་མ་བུ་ཚོ་བཙན་བྱོལ་ནས་ཡང་བྱོལ་གྱི་ལམ་དུ་རྫོངས་ཀྱི་མ་རེད་བསམ་ཡོད། ངས་ཕྲུ་གུ་གཉིས་ཀྱི་སྐྱེ་འཚར་ལ་ངང་སྒུག་གིས། སྤྱི་ཚོགས་འདི་ལ་ཨམ་ཅོག་ལྟེབས་བརྩེགས་བརྒྱབ་ནས་འདུག་གི་ཡིན། ད་ལོའི་འོས་འདེམས་ཆེན་མོ་ནས་ངེད་ཚང་གི་ཚེ་སྲོག་ལ་འཇིགས་སྐུལ་བྱས་པ་མཐའ་མ་ཡིན་ཆོག་ལ། དེ་བཞིན་ཕྱི་ལོ ༢༠༢༡ པ་དེ་ཡང་ངེད་མ་བུ་ཚོའི་སེམས་ཁུངས་ཀྱི་ཁུར་བོར་མི་འགྱུར་ཆེད། ངས་དེ་རིང་ནས་དཀོན་ཅོག་ལ་སྨོན་ལམ་འདེབས་བཞིན་ཡོད། ངས་དེ་རིང་ནས་ཁྱོ་ག་དང་སྤྱི་ཚོགས་གཉིས་ཀར་རེ་སྐུལ་ཞུ་བཞིན་ཡོད།།

བཞུགས་སྒར་རྡ་ས་ནས་ ཕྱི་ལོ ༢༠༡༦ ཟླ ༥ཚེས ༡༥ ལ་བསྐྱར་བཅོས་ཀྱིས་སྤེལ།

རྩོམ་པ་པོའི་མཆན།

1རྩོམ་ཡིག་འདི་ནི་རང་ཉིད་ཀྱིས་མིག་མཐོང་ལག་ཟིན་བྱུང་བའི་གནས་ཚུལ་གཞིར་བཞག་ཐོག གནད་དོན་དེ་དག་གི་ཐད་ལ་ང་རང་གི་བསམ་ཚུལ་བརྗོད་རྒྱུ་གཙོ་བོ་བྱས་ནས་བྲིས་པའི་འབོལ་རྩོམ་ལྟ་བུ་ཞིག་ལས།  ཀླུ་མཁར་བྱམས་སྲིད་སྐྱོང་ལ་ལངས་པའི་བརྒྱུད་རིམ་ཧྲིལ་བོར་ཉམས་ཞིབ་བྱས་པའི་དཔྱད་རྩོམ་ཞིག་མིན། ད་དུང་ངས་མ་མཐོང་བ་དང་མ་ཤེས་པའི་གནས་ཚུལ་མང་བོ་ཡོད།

2 འོས་བསྡུའི་འུར་ཟིང་སྐབས་ངས་རྩོམ་ཡིག་འདིའི་སྐྱ་ཐིག་བྲིས་ཚར་ཡོད་མོད། དེ་མུར་དྲ་ཐོག་ལ་བཞག་པ་ཡིན་ན། ངེད་གཉིས་ལ་གདུང་སེམས་མཉམ་སྐྱེད་ཀྱི་འོས་ཤོག་སློང་སྟངས་འདྲ་བོ་ཞིག་ལ་མཐོང་སྲིད་བསམ་ནས་དེ་རིང་གི་བར་དྲ་ཐོག་ལ་མ་བཏང་།