སྲིད་སྐྱོང་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བ་ཡག་པོ་མི་འདུག 

འཇིགས་བྲལ་བསྟན་འཛིན། 
གླེང་གཞི།
ཁྲིམས་ཞིབ་པ་ཟུར་པ་གསུམ་རང་འགུལ་གྱིས་སླར་ཡང་ཡར་ཕེབས་ནས་ཁྲིམས་ཞིབ་པའི་ཁྲིར་བཞུགས་ཤིང་། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཁྲིམས་ཞིབ་པ་ཟུར་པའི་མདུན་ནས་སྲིད་སྐྱོང་ལས་ཁུར་དམ་བཅའ་ཕུལ་སོང་། ཡིན་ནའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དམ་འབུལ་མཛད་སྒོ་ཁྲིམས་མཐུན་དུ་ངོས་ལེན་མ་གནང་བའི་ཐོག་ནས་སྐུ་ཚབ་བཅར་མ་སོང་། ད་ཆ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལས་ཁུར་དམ་འབུལ་དེ་ཁྲིམས་མཐུན་ཡིན་མིན་རྩོད་པ་ཅན་ཞིག་ཆགས་སོང་། ང་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཤ་ཚ་འདྲ་ཞིག་སྐྱེས་སོང་། འདི་འདྲ་ཞིག་ཆགས་པ་དེ་ཁོང་ལ་རྒྱབ་སྐྱོར་དངོས་གནས་བྱེད་མཁན་མེད་པས་རེད། རྒྱུ་མཚན་ནི་གཤམ་གསལ་ཁག་ཡིན།
གཅིག 
ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཁྲིམས་དོན་འགྲེལ་བརྗོད་དང་། ཁྲིམས་དོན་ལག་བསྟར་བྱེད་ཕྱོགས་ལ་རྩོད་གླེང་ཛ་དྲག་བྱུང་བ་རེད། མཐའ་དོན་སུ་བདེན་མིན་ལ་མ་ལྟོས་པར་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་དོན་ཁ་གསལ་མེད་པ་དེ་ཚོ་ཁྲིམས་བཟོ་བའི་ལམ་ནས་སེལ་དགོས་པ་རེད། དེ་ནི་རྩ་བའི་ལས་དོན་བྱེད་ཕྱོགས་རེད། དེ་མ་གཏོགས་ལམ་གཞན་པ་གང་ཡང་ཡོད་མ་རེད།
རྩོད་གླེང་འདི་ལ་བརྟེན་ནས་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་གྲོས་ཚོགས་ཀྱི་འཐུས་མི་གསུམ་ཆ་གཉིས་ཡན་གྱིས་ལས་གནས་ནས་འཕོ་འགྱུར་བཏང་བ་རེད། སྤྱི་འཐུས་རྣམ་པར་མཚོན་ན་སྐབས་དེར་སུ་གཅིག་གིས་བཙན་དབང་དང་། སྡིག་སྐུལ་མེད་པར་རང་ཐག་རང་གཅོད་ཀྱིས་འཕོ་འགྱུར་གཏོང་རྒྱུའི་གྲོས་ཆོད་ལ་རྒྱབ་སྐྱོར་གནང་བ་རེད། སྤྱི་འཐུས་ལྷན་ཚོགས་མ་གཏོགས་དེ་མིན་སུ་ལ་ཡང་དེ་འདྲའི་དབང་ཆ་ཡོད་མ་རེད། མཐའ་ན་བཅའ་ཁྲིམས་ཀྱི་དོན་ཚན་དང་པོའི་དགོངས་དོན་འོག་ཏུ་ཡང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དབང་ལྡན་འགན་འཛིན་སུ་གང་ཡང་འཕོ་འགྱུར་གཏོང་བའི་སྐུ་དབང་ཡོད་པ་མ་རེད། འགན་དབང་ཆ་ཚང་ཡོད་མཁན་དེ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཁོ་ན་རེད། དེར་བརྟེན་སྤྱི་འཐུས་ཀྱིས་འཕོ་འགྱུར་བཏང་ཟིན་པའི་དུས་དེ་མ་ཐག་ནས་ཁྲིམས་ཞིབ་པ་གསུམ་ཟུར་པ་ཆགས་ཟིན་པ་རེད། དེ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་འོག་གི་མཐར་ཐུག་གི་ཐག་གཅོད་གཅིག་རེད། དེ་ཡིན་དུས་རང་དགར་ཁྲིམས་ཞིབ་པ་ཟུར་པ་གསུམ་ཡར་སླེབས་ཡོང་ན་དེ་ལ་ཐ་སྙད་གཅིག་མ་གཏོགས་ཡོད་མ་རེད། དེ་ནི་ཁྲིམས་མེད་ལུགས་མེད་ཀྱི་བཙན་འཛུལ་རེད་ལབ་ན་ཆོག་གི་རེད།
གང་ལྟར་ཁྲིམས་ཞིབ་པ་ཟུར་པ་གསུམ་གྱིས་ལས་དོན་རྒྱུན་སྐྱོང་བྱེད་རྒྱུ་ཡིན་སྐོར་གྱི་གསལ་བསྒྲགས་དེའི་དྲ་ལམ་ཐད་གཏོང་ལ་ངས་བལྟས་པ་ཡིན། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་མཆོག་གིས་གསལ་བསྒྲགས་ཡི་གེ་དེ་ཀློག་སོང་། ཡིན་ནའང་ཡི་གེ་ཡག་པོ་ཀློག་ཤེས་ཀྱི་མི་འདུག སྐབས་རེ་སྒྲ་གོ་གི་མི་འདུག སྐབས་རེ་སྒྲ་ཤུགས་ཆེ་ཐག་ཆོད་ཀྱི་འདུག ཀློག་སྟངས་ལ་བལྟས་ཡོང་ན་ཡི་གེའི་ནང་དོན་ག་རེ་བྲིས་ཡོད་པ་ཡག་པོ་ཤེས་ཀྱི་ཨེ་ཡོད་ན་བསམ་བསམ་ཞིག་འདུག དམའ་མཐར་གསལ་བསྒྲགས་ཡི་གེ་དེ་ལ་ནང་སྦྱོང་ཏོག་ཙམ་བྱས་ཡོད་ན་དེ་འདྲའི་ཐབས་སྐྱོ་པོ་རང་ཡོང་གི་མ་རེད་ཨང་བསམ་སོང་། ད་དུང་གནས་ཚུལ་གཞན་ཞིག་ལ། གསལ་བསྒྲགས་ཡི་གེ་ཀློག་པའི་སྐབས་ངོ་དེབ་ཐད་གཏོང་དེ་ཐད་ཀར་མི་འདུག དཀྱོག་ནས་འདུག ལས་ཀ་དཀྱོག་དཀྱོག་བྱས་ན་བྱེད་སྟངས་དཀྱོག་དཀྱོག་མ་གཏོགས་ཅི་ཡོད་བསམ་སོང་། གང་ལྟར་ང་ཚོ་བཙན་བྱོལ་བ་རེད། དགྲ་ཁ་གཏད་དེ་རྒྱ་ནག་དམར་པོའི་གཞུང་རེད། རྒྱ་གཞུང་གིས་བལྟས་བསྡད་ཡོད་རེད་བསམ་དུས། སོ་སོ་རང་ཉིད་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་གདོང་པ་ཚ་ལམ་ལམ་བྱས་བྱུང་།
གང་ལྟར་གྲོས་ཚོགས་ཀྱིས་ལས་གནས་ནས་འཕོ་འགྱུར་བཏང་ཟིན་པ་ཡིན་སྟབས་ཁྲིམས་ལུགས་ཀྱི་ཐོག་ནས་ཁྲིམས་ཞིབ་པ་ཟུར་པ་གསུམ་ལ་མུ་མཐུད་ཞབས་སྟེགས་འཛིན་དབང་མེད་པ་དང་གཅིག མང་ཚོགས་ནང་བྱེད་སྟངས་དེ་ལ་ཁྲིམས་མཐུན་དུ་ངོས་འཛིན་ཡོད་མེད་དང་གཉིས་བཅས་ཀྱི་གནས་སྟངས་འོག བདམས་ཐོན་སྲིད་སྐྱོང་གི་ལས་ཁུར་དམ་འབུལ་མཛད་སྒོ་དེ་ཡང་ཁྲིམས་མཐུན་ཡིན་མིན་རྩོད་པ་རེད། ཡིན་ནའང་དེ་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་ཡིན་ཟེར་མི་ཚོས་ལས་འགུལ་སྤེལ་བའི་གྲུབ་འབྲས་རེད། གྲུབ་འབྲས་དེས་བདམས་ཐོན་སྲིད་སྐྱོང་གི་ལས་དོན་འགོ་འཛུགས་ས་དེ་ཁ་ཆག་རྣ་རལ་ཞིག་ཏུ་གྱུར་པ་རེད། དེ་ལ་བློ་ཕམ་བྱུང་། མི་སྒེར་ངོས་ནས་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་མེད་ན་ཡང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ཁྲི་ལ་བཞུགས་མཁན་དེས་ལས་དོན་འགོ་བཙུགས་སྟངས་དེ་འདྲའི་སྐྱོ་པོ་ཞིག་བྱུང་བའི་ཆ་ནས་བློ་ཕམ་བྱུང་། ཡིན་ནའང་དེ་ངའི་ལྟ་སྟངས་རེད། ངས་ནོར་མེད་ན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དམ་འབུལ་ཁྲིམས་མཐུན་ཡིན་ལ་མིན་ལ་ཞིག་གི་ལམ་ནས་ལས་དོན་གནང་འདོད་ཡོད་པ་འདྲ་བསམ་བྱུང་།
གཉིས། 
གོང་དུ་ཞུས་པ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་ཡིན་ཟེར་མཁན་སྤྱི་འཐུས་ཁག་ཅིག་གྲོས་ཚོགས་ཚོགས་དུས་འཕར་མར་བཅར་རོགས་མ་གནང་སྟབས། གྲོས་ཚོགས་འཕར་མ་འཚོགས་མ་ཐུབ་པ་རེད། དེ་མ་ཐུབ་ཙང་གཤམ་གསལ་གནས་སྟངས་དེ་དག་ལྷགས་པ་རེད།
གྲོས་ཚོགས་འཕར་མ་འཚོགས་ནས་ཁྲིམས་ཞིབ་པ་གསུམ་ལས་གནས་འཕོ་འགྱུར་བཏང་བའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་ཕྱིར་འཐེན་བྱེད་ཐུབ་ཡོད་ན། བདམས་ཐོན་སྲིད་སྐྱོང་གི་ལས་ཁུར་དམ་འབུལ་དེ་ཁྲིམས་མཐུན་ཡིན་མིན་ལ་རྩོད་པ་བྱེད་མི་དགོས་པ་ཞིག་རེད། གྲོས་ཚོགས་ཀྱི་གྲོས་ཆོད་ཕྱིར་འཐེན་བྱེད་དགོས་ན། གྲོས་ཚོགས་ཀྱི་ཚོགས་འདུ་བརྒྱུད་ནས་བྱེད་དགོས་པ་མ་གཏོགས་ལམ་གཞན་གང་ཡང་ཡོད་མ་རེད།
ཡང་ན་གྲོས་ཚོགས་འཕར་མ་འཚོགས་ནས་ཁྲིམས་སྒྲིག་བསྐྱར་བཅོས་གནང་ཐུབ་ཡོད་ན། སྲིད་སྐྱོང་སྤེན་པ་ཚེ་རིང་གི་སྲིད་སྐྱོང་ལས་ཁུར་དམ་འབུལ་དེ་ཁྲིམས་མཐུན་ཡིན་མིན་ལ་རྩོད་པ་གང་ཡང་བྱེད་མི་དགོས་པ་ཞིག་རེད།
ད་དུང་ཡོང་རྒྱུའི་སྤྱི་འཐུས་གསར་པའི་དམ་འབུལ་བྱེད་རྒྱུ་ཡང་ཁྲིམས་ཞིབ་པ་ཟུར་པ་གསུམ་དང་འབྲེལ་བསྡད་ཡོད་ཙང་། སྤྱི་འཐུས་ཆ་ཚང་བ་ཞིག་གིས་དམ་བཅའ་འབུལ་རྒྱུར་དཀའ་ངལ་འཕྲད་ངེས་པ་ཐག་ཆོད་པ་འདྲ་བོ་འདུག དམ་འབུལ་གྱི་ལས་རིམ་ཡག་པོ་འགྲོ་མ་ཐུབ་ན། སྤྱི་འཐུས་ཚོགས་འདུ་འཚོགས་ཐབས་མེད་ལ། དེ་མ་བྱུང་ན་སྤྱི་འཐུས་ཚོགས་གཙོ་དང་། ཚོགས་གཞོན། ད་དུང་བཀའ་ཤག་གི་བཀའ་བློན་སོགས་གང་ཡང་བསྐོ་ཐབས་མེད། དེ་ནི་དངོས་ཡོད་མདུན་དུ་ལྷགས་པའི་དཀའ་ངལ་རེད།
གནས་སྟངས་དེ་འདྲ་ཞིག་ཏུ་འགྱུར་བའི་རྒྱུ་མཚན་ནི། གོང་དུ་ཞུས་པ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་ཡིན་ཟེར་མཁན་སྤྱི་འཐུས་དེ་ཚོ་གྲོགས་ཚོགས་འཚོགས་འདུ་ལ་མ་བཅར་བའི་གྲུབ་འབྲས་རེད།
གསུམ། 
སྲིད་སྐྱོང་དམ་འབུལ་ལ་སྤྱི་འཐུས་ཀྱི་སྐུ་ཚབ་མ་བཅར་ན་མ་བཅར། ༧གོང་ས་མཆོག་གིས་བཀའ་སློབ་གནང་སོང་བ་ཟེར་མདོག་ཁ་པོ་རེད། ངས་ཀྱང་ཐད་གཏོང་བཀའ་སློབ་ཐད་ཀར་དུས་ཐོག་མཇལ་བ་ཡིན། སྲིད་སྐྱོང་གསར་བ་ལ་བཀྲ་ཤིས་བདེ་ལེགས་ཞུ། སྲིད་སྐྱོང་རྙིང་པས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་རེད། ཐུགས་རྗེ་ཆེ་ཞུ། དེ་ཙམ་ཡིན། འདི་ནི་༧གོང་ས་མཆོག་གིས་སྲིད་སྐྱོང་དམ་འབུལ་རང་ལ་དམིགས་ནས་གསུངས་པ་དེ་རེད། དེ་མིན་སྤྱིར་མང་གཙོའི་ལམ་དུ་འགྲོ་བ་ཁ་ཞེ་གཉིས་མེད་ཡིན་སྐོར་སོགས་གསུངས་སོང་། ནམ་རྒྱུན་ཡིན་ན་ཐུགས་དགྱེས་པའི་འཛུམ་མདངས་དང་ཞལ་རྩེད། བཞད་མོ་བཞད་པ་སོགས་གནང་གི་རེད། དེ་ནི་ཚང་མའི་ཤེས་གསལ་རེད། དེ་འདྲ་ནི་གང་ཡང་གནང་མ་སོང་། མ་ཟད་སྲིད་སྐྱོང་སྤེན་ཚེའི་ཕྱོགས་གཏོགས་ཚོས་བར་སྐབས་ཧ་ཅང་སྡང་སའི་གདན་ས་ཁག་སྐབས་འདིར་དམིགས་བསལ་འབྲེལ་བ་མེད་ན་ཡང་། ༧གོང་ས་མཆོག་གིས་གདན་ས་ཁག་ལ་ནན་ཏན་གྱིས་ཐུགས་རྗེ་ཆེ་གསུངས་སོང་། དེ་ནི་ཐུགས་བརྩེ་ཡོད་ས་ངོ་མ་དེ་གདན་ས་ཁག་ཡིན་གསུང་གི་ཡོད་པ་ལྟ་བུར་གོ་སོང་།
ད་ལན་སྤྱིར་༧གོང་ས་མཆོག་གིས་བཀའ་སློབ་ཕེབས་པ་དེ་ནི། སྔོན་མ་སྲིད་སྐྱོང་ཟུར་པ་བློ་སེང་གི་ཁྲི་འདོན་མཛད་སྒོ་ལ་བཀའ་སློབ་ཕེབས་ཙང་། སྲིད་སྐྱོང་སྤེན་ཚེ་ལ་ཡང་འདྲ་མཉམ་གནང་བ་མཚོན་ཕྱིར་བཀའ་སློབ་ཕེབས་པ་འདྲ་པོར་མཐོང་སོང་། གང་ལྟར་གོང་དུ་ཞུས་ཟིན་པ་ལྟར་ཁྲིམས་ཐོག་ནས་༧གོང་ས་མཆོག་གིས་བཀའ་སློབ་གནང་བས་དམ་འབུལ་ཁྲིམས་མཐུན་ཡིན་མིན་གྱི་རྩོད་རྙོག་སེལ་འགྲོ་བ་དེ་འདྲ་མ་རེད། མ་ཟད་ཉིན་འདི་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྒྱུན་ལས་མི་གྲངས་བརྒྱད་རྒྱུན་ལས་ནས་དགོངས་པ་ཞུས་ཏེ། ད་ཆ་སྤྱི་འཐུས་རྒྱུན་ལས་ཀྱི་གྲུབ་ཆ་ཡོངས་སུ་མ་ཚང་བ་ཆགས་པའི་ཉིན་མོ་ཞིག་རེད།
གཞན་དོ་སྣང་བྱུང་བ་ཞིག་ལ། སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་གིས་ལས་འཁྱུར་གཏམ་བཤད་གནང་སྐབས་སྲིད་སྐྱོང་གསར་པར་མི་མང་རྒྱབ་སྐྱོར་དགོས་སྐོར་ནན་ཏན་གྱིས་གཏམ་བཤད་གནང་སོང་། ཡིན་ནའང་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ལས་ཁུར་དམ་བཅའ་བླངས་པ་དང་འབྲེལ་མི་མང་ལ་ཐོག་མའི་ཡོངས་ཁྱབ་གཏམ་བཤད་གནང་སྐབས་བཀའ་ཤག་རྙིང་པར་ཐུགས་རྗེ་ཆེ་ཙམ་ཡང་གསུངས་མ་སོང་བས་བློ་རྒྱ་མི་འདུག་ཨང་། ཨ་ཁ་བསམ་བྱུང་།
རེ་སྐུལ། 
མཐའ་དོན་རེ་སྐུལ་ཞུ་རྒྱུ་ལ། སྲིད་སྐྱོང་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་ཡིན་ཟེར་མི་ཚོས་མ་འོངས་པར་ལས་དོན་གནང་སྐབས། ཕྱོགས་ཡོངས་ལ་དགོངས་པ་བཞེས་རོགས། ལྷག་པར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་སློབ་སྟོན་ལོག་པ་མ་བྱེད་རོགས་ཞུ་བ་ཡིན།
གསལ་བཤད།
༡༽ སྲིད་སྐྱོང་སྤེན་པ་ཚེ་རིང་ཞེས་འབོད་དོན་ནི་ཁོང་གི་དམ་འབུལ་དེ་ཁྲིམས་མཐུན་ཡིན་མིན་ཇི་ལྟར་ཡང་ད་ཆ་སྲིད་སྐྱོང་གི་ཁྲི་ལ་བཞུགས་ཡོད་ཙང་དེ་ལྟར་བྲིས་པ་ཡིན།
༢༽ ཁྲིམས་ཞིབ་པ་ཟུར་པ་ཞེས་བྲིས་ཡོད། དེ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ པའི་དགོངས་དོན་ལྟར་ན་ཁྲིམས་ཞིབ་པ་ཟུར་པ་ཡིན་ཙང་དེ་ལྟར་བྲིས་པ་ཡིན།