སྲིད་སྐྱོང་སྤེན་པ་ཚེ་རིང་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག 

ཟླ་༩ པའི་ཚེས་༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཉི་ཧོང་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་འབྱོར་གནང་ཡོད་པ་དང་། ཁོང་གིས་ཉི་ཧོང་གྲོས་ཚོགས་སུ་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་གསུང་བཤད་གནང་ཡོད་འདུག 

སྐབས་དེར་སྲིད་སྐྱོང་གིས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་སྟབས། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་བཅས་རིམ་བཞིན་རྩ་བརླག་ཏུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་བོད་ལ་ཉེན་ཁ་ཆེས་ཆེ་ཤོས་ནི་རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་ནང་བོད་པའི་བྱིས་པ་བརྒྱ་ཆ་༨༠ ལྷག་གཏན་འཇགས་སློབ་གྲྭ་ཁག་ཏུ་བསྐྱལ་ཏེ་རྒྱ་ཡིག་སྦྱོང་དུ་འཇུག་གི་ཡོད་པ་དེ་ཡིན་ཞིང་། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ནས་ལོ་༣ ནས་༡༨ བར་ཡིན་པའི་བོད་པའི་སློབ་ཕྲུག་གྲངས་ས་ཡ་གཅིག་ཙམ་རྒྱ་ནག་གཞུང་གི་སྟངས་འཛིན་འོག་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭ་ཁག་གི་ནང་བཏང་སྟེ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། ཆབ་སྲིད་ཀྱི་སློབ་གསོ་དེ་བརྒྱུད་འབྱུང་འགྱུར་ལོ་༡༥ ནས་ ༢༠ བར་བོད་པའི་ངོ་བོའི་རྩ་བ་སྟེ་ཆོས་དང་རིག་གཞུང་། སྐད་ཡིག  ཡུལ་སྲོལ་གོམས་གཤིས་སོགས་རྩ་གཏོར་དུ་གཏོང་རྒྱུའི་དམིགས་ཡུལ་འཛིན་བཞིན་པ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཡུ་གུར་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སྙན་ཐོ་བཏོན་པ་ནང་ལྟར། ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམ་པ་དང་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལའང་སྙན་ཐོ་འདོན་སྤེལ་གནང་དགོས་པའི་སྐུལ་མ་གནང་རོགས་ཞེས་རེ་སྐུལ་ཞུས་གནང་བ་དང་འབྲེལ་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་མགྱོགས་ཚད་ལྡབ་འགྱུར་གྱི་ཆེ་རུ་ཕྱིན་པར་ཐུགས་འཚབ་དང་སྦྲགས་ཚན་རིག་པས་ཨེ་ཤི་ཡའི་མི་འབོར་ཐེར་འབུམ་༡.༨ ལྷག་གིས་བོད་མཐོ་སྒང་གི་གཙང་པོ་གཙོ་བོ་བཅུ་ལ་བརྟེན་ནས་འཚོ་བཞིན་ཡོད་ཅེས་གསུང་གི་ཡོད་པའི་སྐོར་དང་། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ཆེ་རུ་ཕྱིན་པའི་རྐྱེན་གྱིས་ཨེ་ཤི་ཡ་གཙོ་བོར་གྱུར་པའི་འཛམ་གླིང་སྤྱི་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས་ཉི་ཧོང་གི་གཞུང་ནས་རྒྱལ་སྤྱིའི་སྡིངས་ཆ་དཔེར་ན་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་ཆེ་ཤོས་ཡོངས་གྲགས་སུ་ (COP)  ཞེས་པ་དང་། དེ་བཞིན་རྒྱལ་ཁབ་ཕན་ཚུན་དབར་ཚོགས་འདུ་ཚོགས་སྐབས་བོད་མཐོ་སྒང་གི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་གལ་གནད་སྐོར་གླེང་སློང་གནང་དགོས་པའི་རེ་སྐུལ་ཞུས་གནང་ཡོད་འདུག 

དེ་བཞིན་་སྲིད་སྐྱོང་གིས་༸གོང་ས་མཆོག་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་ཏེ་ལོ་གཅིག་སོང་མ་ཐག་མགོན་པོ་གང་ཉིད་མཆོག་གིས་ཧ་ཅང་སྐུ་ངལ་ཆེན་པོ་ཞིག་གི་འོག་ནས་མང་གཙོའི་སྒྲིག་འཛུགས་སྲོལ་གཏོད་མཛད་པ་དང་། ད་ཆ་བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ཡོངས་སུ་རྫོགས་པ་ལག་བསྟར་གནང་བཞིན་ཡོད་པ། ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམས་༸གོང་ས་མཆོག་ལ་མཇལ་ཁ་ཞུ་སླད་བཞུགས་སྒར་རྡ་སར་ཕེབས་རོགས་ཞེས་མགྲོན་འབོད་ཞུས་གནང་ནས། ཉི་ཧོང་གི་གཞུང་ནས་མུ་མཐུད་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱི་འཕྲོད་བསྟེན་གྱི་ཆེད་དུ་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག

དེ་བཞིན་སྲིད་སྐྱོང་གིས་བོད་ནི་ལོ་རྒྱུས་ཐོག་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་ཆགས་མྱོང་མེད་པ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་སྐུ་ཞབས་མཱ་ཡི་ཀེལ་ཝན་ཝལ་ཊི་ (Michael Van Walt)ཡིས་ཉི་ཧོང་ཚུད་པའི་ཨེ་ཤི་ཡའི་མཁས་དབང་ ༧༠ ནས་ ༨༠ ཙམ་ལ་ཐུག་འཕྲད་ཀྱིས་ལོ་ངོ་བརྒྱད་རིང་ཉམས་ཞིབ་གནང་སྟེ་བོད་ཀྱི་གནད་བསྡུས་ (Tibet Brief 20/20) ཞེས་པའི་དཔེ་དེབ་ཅིག་བརྩམས་པའི་ནང་བོད་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་ཆགས་མྱོང་མེད་པའི་སྐོར་འཁོད་ཡོད་པ། དེ་བཞིན་རྒྱ་རིགས་མཁས་དབང་སྐུ་ཞབས་ལིག་ཧན་ཁྲིན་ (Hon-Shiang Lau) གྱིས་ཡོན་དང་། མིང་། ཆིན་རྒྱལ་རབས་བཅས་ཀྱི་ཡིག་ཆ་དང་ས་ཁྲ་སོགས་ལ་ཞིབ་འཇུག་བྱས་ཏེ་ལོ་རྒྱུས་ཐོག་བོད་ནི་རྒྱ་ནག་གི་ཆ་ཤས་སུ་གྱུར་མྱོང་མེད་པའི་དཔང་རྟགས་ཁུངས་སྐྱེལ་ར་སྤྲོད་གནང་ཡོད་པ། ཕྱི་ལོ་ ༢༠༢༢ ཟླ་ ༠༦ ཚེས་ ༢༣ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་སྐོར་ཉན་ཞིབ་གནང་སྟེ་བོད་ཀྱི་གནད་དོན་རྒྱལ་སྤྱིའི་ཁྲིམས་དོན་འོག་སེལ་མེད་པའི་ཁྲིམས་འཆར་ཞིག་བཏོན་གནང་ཡོད་པ། བོད་མི་ཚོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་བཞིན་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད།

ཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡོ་ནང་རྟེན་གཞི་བྱས་པའི་ཉི་ཧོང་གི་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་གི་འགན་འཛིན་ལྕམ་སྐུ་ས་ཀུ་རི་ཡོ་ཤི་ཀོ་ (Sakurai Yoshiko) ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་། ཡུ་གུར། ལྷོ་སོག་བཅས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་གཏོར་གཏོང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། ཉི་ཧོང་ལ་འཛམ་གླིང་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཡོད་པ་དེས་མུ་མཐུད་སྔར་ལས་ལྷག་བོད་དོན་སླད་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་གསུངས།

ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷུན་ (Shimomura Hakubun) མཆོག་གིས་ཉི་ཧོང་བ་ཚོས་བོད་ཀྱི་དཀའ་ངལ་དེ་ཉི་ཧོང་བ་རང་གི་དཀའ་ངལ་ཡིན་པར་བརྩིས་ཏེ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་སླད་བོད་མིའི་བདེན་པའི་འཐབ་རྩོད་ལ་སྔར་ལས་ལྷག་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་ཞེས་གསུངས།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་ཧོང་གི་སྲིད་བློན་ཟུར་པ་དམ་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་གནང་བ་དང་འབྲེལ་ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཉི་ཧོང་གི་སྲིད་བློན་ཟུར་པ་དམ་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་གཅིག་བཞག་ཡོད་པའི་སྐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་གནང་བའི་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་ཞིག་ཉི་ཧོང་གི་སྲིད་བློན་ཟུར་པ་དམ་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་གི་ནང་མིར་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག 

སྲིད་སྐྱོང་སྤེན་པ་ཚེ་རིང་ཟླ་ ༩ ཚེས་ ༢༠ ཉིན་རྒྱབ་ནས་ཚེས་ ༢༨ བར་ཉི་ཧོང་དུ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་ལྷན་ཚོགས་འདུ་དང་། བོད་དོན་རྒྱབ་སྐྱོར་བ་སོགས་དང་མཇལ་འཕྲད། དེ་བཞིན་གཙུག་ལག་སློབ་ཁང་དུ་རང་རེའི་རྩ་དོན་དང་འབྲེལ་བའི་གསུང་བཤད་དང་བོད་རིགས་མང་ཚོགས་དང་ཐུག་འཕྲད་གནང་རྒྱུ་སོགས་ཀྱི་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།