སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་འདུག

ཟླ་བ་འདིའི་ཚེས་༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱིས་གྲོས་ཚོགས་འཐུས་མི་རྣམ་པར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་ཡོང་སླད་རྒྱབ་སྐྱོར་གནང་རྒྱུར་འབོད་བསྐུལ་གནང་ཡོད་པ་མ་ཟད། ཁྲིམས་འཆར་དེ་དག་གཏན་འབེབས་བྱུང་ཚེ་འབྱུང་འགྱུར་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ཡུ་རོབ་རྒྱལ་ཁབ་དང་རྒྱལ་ཁབ་གཞན་རྣམས་ནས་ཀྱང་དེ་མཚུངས་ཁྲིམས་འཆར་གཏན་འབེབས་གནང་རྒྱུར་མིག་ལྟོས་བྱ་ཡུལ་དང་། བློ་སྟོབས་སྤེལ་རྒྱུར་ཐུགས་ཕན་ཆེན་པོ་ཡོང་གཞི་དང་། དེ་བཞིན་བོད་དོན་ཐོག་སྔར་ལམ་བཞིན་ཆབ་སྲིད་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་མུ་མཐུད་གནང་རྒྱུར་འབོད་བསྐུལ་ཞུས་གནང་ཡོད་འདུག གཞན་ཡང་། ཚེས་ ༦ ཉིན་གྱི་སྔ་དྲོ་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་དང་ངལ་རྩོལ་སྡེ་ཚན་གྱི་འབྲེལ་ཡོད་ལས་འཆར་འགན་འཛིན་དང་ལས་བྱེད་བཅས་ལ་མཇལ་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་ལས་འཆར་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་གནང་ཡོད་འདུག

ཐེངས་འདིའི་སྲིད་སྐྱོང་གིས་ཨ་རིའི་གྲོས་ཚོགས་གནད་ཡོད་མི་སྣ་དང་མཇལ་འཕྲད་སྐབས། ཨ་རི་གྲོས་ཆོགས་འོག་མའི་འཐུས་མི་དང་གྲོས་ཚོགས་ཀྱི་དགོས་དངུལ་ཆ་བགོས་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཌི་ཡཅ་བྷ་ལཊ་ (Diaz Balart)  དང་།  གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ཡོང་ཀིམ (Young Kim ) ལགས། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷྲ་ཨིན་ཤ་ཊས་ (Brian Schatz) ལགས།   གྲོས་ཚོགས་འོག་མའི་འཐུས་མི་དང་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ། དེ་བཞིན་གྲོས་ཚོགས་ནང་ཐོག་མར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་གྱི་ཁྲིམས་འཆར་བསྐྱར་དུ་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་གནང་མཁན་སྐུ་ཞབས་མཱ་ཡི་ཀེལ་མེག་ཁོལ་ (Michael McCaul) ལགས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། གཞན་ཡང་ཨ་རི་གྲོས་ཚོགས་གོང་མའི་འཐུས་མི་དང་། གོང་གསལ་ཁྲིམས་འཆར་གྲོས་ཚོགས་གོང་མའི་ནང་བསྐྱར་དུ་ངོ་སྤྲོད་གནང་མཁན་སྐུ་ཞབས་ཊོ་ཌི་ཡོངྒ་ (Todd Young) ལགས་བཅས་དང་མཉམ་དུ་མཇལ་མོལ་གནང་ཡོད་འདུག་ལ། གོང་གསལ་མཇལ་མོལ་སྐབས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་ལྷན་ཚོགས་གཙོ་སྐུ་ཞབས་རི་ཆ་ཊི་གེར་ལགས་དྲྭ་ཐོག་ནས་མཉམ་ཞུགས་གནང་ཡོད་པ་དང་། བར་བརྒལ་འགན་འཛིན་དང་། འགན་འཛིན་གཞོན་པ་བཅས་ལྷན་བཅར་ཞུས་གནང་ཡོད་འདུག  གཞན་ཡང་ཕྱི་ཚེས་༦ ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་ (Drek Mitchell) ལགས་དང་ལས་བྱེད་བཅས་ལ་མཇལ་འཕྲད་གནང་ཡོད་འདུག།

གསར་འགོད་པ་བདེ་སྒྲོན།