སྲིད་སྐྱོང་སྤེན་པ་ཚེ་རིང་ཡུ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་དང་གནད་ཡོད་མི་སྣ་ཐུག་འཕྲད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཡུ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་ལ། ༢༠༠༠ ཞི་བདེའི་གླེང་སྟེགས་ཐེངས་༢༩ ཐོག་ཏུ་གཏམ་བཤད་དང། གནད་ཡོད་མི་སྣ་མང་པོ་ཞིག་དང་ཐུག་འཕྲད་ཀྱིས་བོད་དོན་སྐོར་ཞུ་གཏུགས་དང་གླེང་སློང་གནང་བཞིན་འདུག

ཕྱི་ཚེས་༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་ཏུ་གནས་ཚུལ་བཀོད་དོན་ལྟར་ན། ཕྱི་ཚེས་༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་སི་ནོབ་སིས་(Sinopsis)ཀྱི་འགན་འཛིན་སྐུ་ཞབས་མཱར་ཊིན་ཧ་ལ་(Martin Hála)དང། ཁོང་གི་ཕྱག་རོགས་རྒྱ་ནག་རིག་པ་བ་དང་། གསར་འགོད་པ། དཔྱད་ཞིབ་པ་བཅས་དང་ལྷན་མཇལ་འཕྲད་གནང་ཡོད་འདུག སྐབས་དེར་ཉེ་བའི་ཆར་བོད་དོན་ཞུ་གཏུག་ཐོག་ཡར་རྒྱས་ཕྱིན་པ་ཁག་དང་སྦྲགས། མ་འོངས་པར་དེའི་ཐོག་གོ་རྟོགས་ཁྱབ་སྤེལ་ཇེ་ཆེར་གཏོང་ཆེད་ལས་རིམ་སྤེལ་ཕྱོགས་ཐོག་བཀའ་བསྡུར་གནང་ཡོད་འདུག
དེ་བཞིན་ཕྱི་ཚེས་༡༤ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་པ་རག་ཏུ་མཐོ་རིམ་ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་གཅིག་དང། སྲིད་གཞུང་གི་དབུ་ཁྲིད་ཟུར་པ་ཁག་ཅིག སྤྱི་དམངས་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་དང་མཇལ་མོལ་གནང་ཡོད་འདུག སྐབས་དེར་བོད་ནང་གི་གནས་སྟངས་དང་། དགའ་ལྡན་ཕོ་བྲང་རྒྱུན་མཐུད་གནས་ངེས་ཡིན་པའི་སྐོར། འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། གསར་འགོད་ཀྱི་རང་དབང་སྲུང་སྐྱོབ་བཅས་ཀྱི་ཐོག་གླེང་སློང་གནང་ཡོད་འདུག་ཅིང། མཇལ་མོལ་འདིའི་བརྒྱུད་ཡུ་རོབ་ནས་བོད་དོན་ཐོག་རྒྱབ་སྐྱོར་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་ཐུབ་པར་ཕན་ཐོགས་བྱུང་ཡོད་ཚུལ་བརྗོད་འདུག སྲིད་སྐྱོང་གིས་ལོ་སྔོན་མ་ཇར་མ་ནི་རུ་ཕྱོགས་སྐྱོད་སྐབས་མཇལ་འཕྲད་གནང་མྱོང་བའི་ཇར་མན་གྲོས་ཚོགས་(German Bundestag)ཀྱི་ཚོགས་མི་ (Roderich Kiesewetter)དང་མཇལ་འཕྲད་གནང་ཡོད་འདུག་ལ། སྲིད་སྐྱོང་གིས་ཉེ་ལམ་ཕྱི་ཟླ་༧ ཚེས་༢ ནས་༤ བར་ཆོས་ཚོགས་ཚོགས་ཆེན་ཐེངས་༡༥ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་སྲིད་རྒྱུན་མཐུད་ཕེབས་ངེས་ཡིན་པ་དང། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་གསལ་བསྒྲགས་བསྐྱངས་གནང་ཡོད་པའི་སྐོར་བརྗོད་ཡོད་འདུག དེ་བཞིན་རྒྱ་ནག་གཞུང་འཛིན་ནས་༸རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱེད་ངེས་ཡིན་པའི་སྐོར་དང་འབྲེལ་ནས། སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་གནས་སྟངས་དེའི་ཐོག་ནས་རྒྱ་གཞུང་གིས་སློབ་སྦྱོང་ལེན་དགོས་པ་དང་། དེ་ནི་རྒྱ་གཞུང་ལ་མཚོན་ན་མགོ་ན་དགོས་པའི་དོན་རྐྱེན་ཞིག་ཀྱང་ཡིན་ཞེས་འགྲེལ་བརྗོད་གནང་ཞིང་། ཇར་མན་ཐེ་བའི་རྒྱལ་ཁབ་ཁག་བདུན་གྱི་འགྲོ་བ་མིའི་ཐོབ་ཐང་གཞུང་ཚབ་ཁང་གིས་མཉམ་འབྲེལ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐོག་བསྒྲགས་གཏམ་སྤེལ་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག དེ་རྗེས་སྲིད་སྐྱོང་གིས(Slovakia) སྲིད་བློན་ཟུར་པ་(Iveta Radicova)དང་མཇལ་འཕྲད་གནང་སྐབས། ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེས་གནང་བའི་སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་ཀྱི་ཤེས་ཡོན་སྐོར་ལ་དོ་དབྱིངས་ཆེན་པོ་གནང་བའི་ཐོག ཤེས་ཡོན་བསྟི་གནས་ཁག་གི་ཤེས་ཡོན་གྱི་སྒྲོམ་གཞིའི་ནང་སཱིའི་ཤེས་ཡོན་སློབ་གསོ་འཇུག་འདོད་ཡོད་པའི་དགོངས་ཚུལ་དང་། དེ་བཞིན་སཱིའི་ཤེས་ཡོན་དང་འབྲེལ་བའི་དཔེ་དེབ་ཁག་གཅིག་ཀྱང་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད། སྲིད་སྐྱོང་གིས་ཁོང་ཉིད་ལ་དགའ་བསུ་ཞུས་པ་དང་སྦྲགས། སཱིའི་ཤེས་ཡོན་ཐོག་དགོས་ངེས་ཀྱི་མཐུན་རྐྱེན་རྣམས་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ནས་མཁོ་སྤྲོད་གནང་རྒྱུ་ཡིན་པ་འགན་ལེན་ཞུས་ཡོད་འདུག དེ་ནས་སྲིད་སྐྱོང་གིས་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་(Reporters Without Borders (RSF)ཀྱི་འགན་འཛིན་(Thibaut Bruttin)དང་པ་རག་ཏུ་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་འགན་འཛིན་(Pavol Szalai)རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་འདུག མཇལ་མོལ་སྐབས་བོད་དང་རྒྱ་ནག་ནང་གི་གསར་འགོད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་སྐོར་ལ་གླེང་སློང་གནང་ཡོད་འདུག རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་སྐུ་ཚབ་ཀྱིས་སྨྲ་བརྗོད་རང་དབང་ཐོག་དམ་དྲག་ཚབས་ཆེན་བྱེད་བཞིན་པར་ཐུགས་འཚབ་གནང་བ་དང་། སྲིད་སྐྱོང་མཆོག་གིས་བོད་ནང་གནམ་གཤིས་འགྱུར་ལྡོག་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་དོ་སྣང་གནང་མཁན་རྣམས་འཇིགས་སྐུལ་གྱི་གནོན་ཤུགས་འོག་གནས་དགོས་པའི་གནས་སྟངས་ནན་བརྗོད་གནང་ཡོད་འདུག ཕྱོགས་མཚུངས་ཉེ་ལམ་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་དང་ཨ་རི་རླུང་འཕྲིན་ཁང་གཉིས་སྒོ་བརྒྱབ་དགོས་པའི་གནས་སྟངས་སྐོར་ལའང་བགྲོ་གླེང་གནང་ཡོད་འདུག སྲིད་སྐྱོང་གིས་བོད་ནང་རང་དབང་ལྡན་པའི་ཐོག་རྟོག་ཞིབ་ཀྱི་ལམ་ནས་གསར་འགྱུར་དགོས་ངེས་ཡིན་པ་ནན་བརྗོད་གནང་བ་དང་། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་ཐོག་གསལ་སྟོན་གནང་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
ཕྱི་ཚེས་༡༣ ཉིན་ཝ་ཁེ་ལེབ་ཧ་ཝེལ་གྱི་ཚོགས་ཁང་དུ་ཚོགས་བཞིན་པའི་༢༠༠༠ ཞི་བདེའི་གླེང་སྟེགས་ཐེངས་༢༩ པའི་ཉིན་གཉིས་པར་སྲིད་སྐྱོང་སྤེན་པ་ཚེ་རིང་མཉམ་ཞུགས་གནང་བ་དང་། སྐབས་དེར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་(Petr Pavel)དང་། ཇོར་ཇི་ཡའི་སྲིད་འཛིན་(Salomé Zourabichvili)རྣམ་གཉིས་དང་མཇལ་མོལ་གནང་ཡོད་འདུག ཚོགས་འདུ་གྲུབ་མཚམས་སྲིད་སྐྱོང་གིས་ཅེཀ་ནོ་ཝ་བརྙན་འཕྲིན་ཁང་(Czech TV Nova) གི་བཅར་འདྲིར་དང་ལེན་གནང་བའི་སྐབས་བོད་ཀྱི་ས་ཁམས་ཆབ་སྲིད་དང་། རང་བྱུང་ཁོར་ཡུག་གི་གལ་གནད་བཅས་ལ་ནན་བརྗོད་གནང་ཞིང་། བོད་མཐོ་སྒང་ནི་ཨེ་ཤི་ཡའི་རྒྱལ་ཁབ་མང་དག་ཅིག་གི་གཙང་པོའི་འབྱུང་ཁུངས་དང་། བོད་ཀྱི་སྐྱེ་ཁམས་འཇིག་སླ་བའི་རང་བཞིན། མ་ཟད་བོད་ཀྱི་རང་བྱུང་ཁམས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་བཅས། རྒྱུ་རྐྱེན་དེ་དག་ལས་བོད་ནི་ཨེ་ཤི་ཡའི་ཁོར་ཡུག་གི་བདེ་འཇགས་ཆེད་གལ་ཆེན་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་འདུག ལྷག་པར་སྲིད་སྐྱོང་གིས་བོད་ནང་རྒྱ་གཞུང་གིས་དབང་སྒྱུར་འོག་རིམ་པས་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་བཞིན་པ་ནི་ཐད་ཀར་བོད་བརྒྱུད་ནང་བསྟན་གྱི་རྒྱུན་འཛིན་ལ་ཉེན་ཁ་འཕྲད་བཞིན་པ་དང། དེའི་བརྒྱུད་བོད་མིའི་ངོ་བོ་དང་རིག་གཞུང་གནས་མི་གནས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྐོར་ནན་བརྗོད་གནང་ཡོད་འདུག གོང་ཚེས་ཉིན་གྱི་ཕྱི་དྲོར་སྲིད་སྐྱོང་ཝ་ཁེ་ལེབ་ཧ་ཝེལ་གྱི་ཚོགས་ཁང་དུ་“China: Where Will It Stop?”ཞེས་པའི་བརྗོད་གཞིའི་ཐོག་བསྐོང་ཚོགས་གནང་བའི་གྲོས་གླེང་གི་ཚོགས་འདུའི་ཐོག་གསུང་བཤད་གནང་བ་དང་། སྐབས་དེར་ཆེད་དོན་བགྲོ་གླེང་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་མཱག་ལམ་བྷཊ་(Mark Lambert)དང་། ཐའེ་ཝན་མང་གཙོ་ཚོགས་པ་ནས་ཡིན་པ་(Da Chi Lao) རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་(Inter-Parliamentary Alliance on China)ཉི་འོང་འགན་འཛིན་་(Shiori Yamao) ཤེས་ཡོན་ཅན་(Emeka Lucky) ཧཌ་སན་བསྟི་གནས་ཁང་ (Hudson Institute)གི་ཉམས་ཞིབ་པ་རྒན་པ་(Jamie Fly)བཅས་མཉམ་ཞུགས་གནང་ཡོད་འདུག་པ་དང་། བགྲོ་གླེང་ཁྲོད་རྒྱ་ནག་གཞུང་གིས་དབང་ཤེད་རིང་ལུགས་རྒྱ་བསྐྱེད་ཀྱིས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་སྤྲོད་བཞིན་པའི་མཇུག་འབྲས་སྐོར་ལ་གླེང་སློང་གནང་ཡོད་འདུག།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
