སློབ་དགེ་ཞིག་གིས་མི་ཚེའི་གསོག་དངུལ་ཚང་མ་བོད་ཕྲུག་གི་ཤེས་ཡོན་ཆེད་དུ་ཕུལ་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ། མི་ལོ་༡༨ ཀྱི་རིང་བཙན་བྱོལ་བོད་མིའི་སློབ་གྲྭར་དགེ་རྒན་གྱི་ཕྱག་ལས་གནང་མྱོང་མཁན་རྒན་ཚེ་དབང་རབ་བརྟན་གྱིས། རང་ཉིད་མ་གྲོངས་པའི་སྔོན་དུ་རང་ཉིད་ཀྱི་མི་ཚེའི་གསོག་དངུལ་ཧིན་སྒོར་གསུམ་འབུམ་བཞི་ཁྲི་ལྔ་སྟོང་བཞི་བརྒྱ་བཅུ་གཉིས་ཆ་ཚང་། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་བརྒྱུད་བོད་ཕྲུག་ཉམ་ཐག་རྣམས་ཀྱི་ཤེས་ཡོན་ཆེད་ཞལ་འདེབས་སུ་འབུལ་རྒྱུའི་ཡིག་ཐོག་ཁ་ཆེམས་བཞག་ཡོད་འདུག་པ་དང་། ཉེ་ཆར་ཟླ་༨ པའི་ཚེས་༢༣ ཉིན་དངུལ་ཆ་ཚང་ཤེས་རིག་ལས་ཁུངས་སུ་འབྱོར་ཡོད་པ་རེད་འདུག

ཁོང་ནི་ཕྱི་ལོ་༡༩༦༤ ལོའི་ཟླ་༩ པའི་ཚེས་༢ ཉིན་གཞིས་ཀ་རྩེར་སྐྱེས་ཡོད་པ་དང་། ཕྱིས་སུ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས། ཕྱི་ལོ་༡༩༩༧ ལོ་ནས་ཀུམ་རའོ་དང་སྤུ་རུ་ཝ་ལ་ས་གནས་གཉིས་སུ་དགེ་རྒན་གྱི་ཕྱག་ལས་ལོ་ངོ་༡༨ རིང་གནང་ཡོད་པ་རེད་འདུག ཕྱི་ལོ་༢༠༡༥ ལོའི་ཟླ་༡ པོའི་ཚེས་༢ ཉིན་འདས་གྲོངས་ཕྱིན་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།