སློབ་ཕྲུག་ཉུང་དྲགས་པས་ལོ་གཅིག་གི་ནང་སློབ་གྲྭ་༧༠༠ ལྷག་སྒོ་བརྒྱབ་དགོས་བྱུང་།
གྷི་རི་སི་ནི་ཡུ་རོབ་མཐུན་ཚོགས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་ཁག་གི་ཁྲོད་ནས་ཕྲུ་གུ་སྐྱེ་ཚད་དམའ་ཤོས་དེ་ཆགས་ཡོད་པ་དང་། ཕྲུ་གུ་ཉུང་དྲགས་པའི་དབང་གིས་རྒྱལ་ཡོངས་སུ་སློབ་གྲྭ་ཁྱོན་བསྡོམས་བདུན་བརྒྱ་ལྷག་སྒོ་བརྒྱབ་དགོས་བྱུང་ཡོད་འདུག

ཟླ་འདིའི་ཚེས་༥ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། གྷི་རི་སིའི་ནང་མི་འབོར་ཉམས་རྒུད་དང་སློབ་མ་ཉུང་དྲགས་པར་བརྟེན། ཕྱི་ལོ་༢༠༢༥-༢༠༢༦ སློབ་ལོའི་ནང་རྒྱལ་ཡོངས་སུ་སློབ་གྲྭ་༧༠༠ ལྷག་སྒོ་བརྒྱབ་དགོས་བྱུང་ཡོད་འདུག གྲངས་ཚད་དེ་ནི་རྒྱལ་ཁབ་ཁྱོན་ཡོངས་ཀྱི་སློབ་གྲྭའི་གྲངས་༡༣༤༧༨ ཀྱི་བརྒྱ་ཆ་༥% ཟིན་ཡོད་འདུག
གྷི་རི་སིའི་ཤེས་རིག་ལས་ཁུངས་ཀྱི་གྲངས་མཐོ་ལྟར་ན། ཕྱི་ལོ་༢༠༡༨-༢༠༡༩ སློབ་ལོའི་ནང་སློབ་གྲྭར་འགྲོ་མཁན་སློབ་མའི་གྲངས་དེ་ས་ཡང་༡།༣༦ ཟིན་ཡོད་ན་ཡང་། ད་ལོ་སློབ་གྲྭར་འགྲོ་མཁན་སློབ་མའི་གྲངས་ས་ཡ་༡།༢ མ་གཏོགས་ཟིན་མེད་ཅིང་། དེ་སྔར་གྱི་གྲངས་མཐོ་དང་བསྡུར་ན་སློབ་གྲྭར་འགྲོ་མཁན་འབུམ་༡།༥ ཉུང་དུ་ཕྱིན་ཡོད་འདུག
གྷི་རི་སིའི་ཁྲིམས་ལྟར་ན། སློབ་གྲྭ་ཞིག་ལ་ལོ་གསུམ་བསྟུད་མར་སློབ་མ་བཅོ་ལྔ་ལས་ཉུང་བ་ཡོད་ན། སློབ་གྲྭ་དེ་གཏན་དུ་སྒོ་རྒྱག་དགོས་ཀྱི་ཡོད་འདུག དཀའ་ངལ་འཕྲད་ས་གཙོ་བོ་ནི་གཞི་རིམ་སློབ་གྲྭ་ཁག་ཡིན་འདུག དཔེར་ན། ད་ལོ་གཞི་རིམ་སློབ་གྲྭ་ཁག་༣༢༤ དང་བྱིས་པ་ལོ་གཉིས་ནས་ལྔ་བར་སྐྱོད་སའི་སློབ་གྲྭ་༣༥༨ གནས་སྐབས་རིང་སྒོ་བརྒྱབ་དགོས་བྱུང་ཡོད་འདུག
སློབ་གྲྭ་སྒོ་རྒྱག་དགོས་པའི་གནས་ཚུལ་དེ་ནི་གྷི་རི་སིའི་ནང་ཕྲུ་གུ་སྐྱེ་ཚད་དམའ་བ་དང་འབྲེལ་བ་ཡོད་ཅིང་། གྷི་རི་སི་ནི་ཡུ་རོབ་མཐུན་ཚོགས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་ཁག་གི་ཁྲོད་ནས་ཕྲུ་གུ་སྐྱེ་ཚད་དམའ་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད་འདུག ཕྱི་ལོ་༢༠༢༣ ལོར། གྷི་རི་སིའི་ནང་བུད་མེད་གཅིག་ལ་ཆ་སྙོམས་བྱིས་པ་སྐྱེ་ཚད་ནི་༡།༣ ཡིན་འདུག རྒྱལ་ཁབ་ཅིག་གི་མི་འབོར་བརྟན་པོ་ཡོང་པར་བུད་མེད་གཅིག་ལ་ཕྲུ་གུ་༢།༡ ་སྐྱེ་དགོས་ཀྱི་ཡོད་འདུག། གྷི་རི་སིའི་ནང་བྱིས་པ་སྐྱེ་ཚད་ནི་མི་འབོར་གཏན་འཇགས་དགོས་པའི་ཚད་གཞི་ལས་ཧ་ཅང་ཉུང་བ་ཆགས་ཡོད་པ་མ་ཟད། ད་ཆར་རྒྱལ་ཁབ་དེའི་བུད་མེད་ཚོས་ཕྲུ་གུ་སྐྱེ་བའི་ལོ་ཚད་འགྱངས་ནས་ཆ་སྙོམས་ལོ་༣༢ ལ་སོན་པ་ན་བྱིས་པ་སྐྱེ་བཞིན་ཡོད་འདུག
གྷི་རི་སིའི་ནང་ན་ནིང་བུན་དངུལ་གྱི་དཀའ་ངལ་གྱི་རྐྱེན་པས་ན་གཞོན་ཤེས་ཡོན་ཅན་མང་པོ་རྒྱལ་ཁབ་གཞན་དུ་ལས་ཀ་འཚོལ་བར་ཕྱིན་པ་དང་། གང་ལྷག་པ་རྣམས་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་ཡོད་འདུག་ལ། རྒྱལ་ཁབ་ནང་དངོས་ཟོག་གི་རིན་གོང་འཕར་པར་བརྟེན། ན་གཞོན་ཚོས་ཁྱིམ་ཚང་འཛིན་པར་དཀའ་ངལ་འཕྲད་བཞིན་པའི་དབང་གིས་གཞོན་སྐྱེས་མང་པོ་ཞིག་ལོ་༣༠ བར་དུ་ཕ་མ་དང་མཉམ་དུ་སྡོད་དགོས་པ་སོགས་བྱུང་དང་འབྱུང་བཞིན་ཡོད་འདུག
གྷི་རི་སིའི་གཞུང་གིས་སྐྱེད་ཚད་མཐོ་རུ་གཏོང་ཆེད། ཕྲུ་གུ་སྐྱེ་མཁན་ཕ་མ་ཚོ་ལ་ཁྲལ་ཆག་ཡང་དང་བྱིས་པ་གསོ་སྐྱོང་ལ་རྒྱབ་སྐྱོར་སོགས་དངུལ་འབོར་ཕོན་ཆེན་གཏོང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། ན་ནིང་བྱིས་པའི་ཕན་བདེའི་དངུལ་འབོར་མཐོ་རུ་བཏང་ཞིང་། བྱིས་པ་གཅིག་ཡོད་པའི་ཕ་མ་ལ་ཨ་སྒོར་༢།༨༠༠ དང་། བྱིས་པ་གཉིས་སམ་དེ་ལས་མང་བ་ཡོད་མཁན་ཕ་མ་ལ་ཨ་སྒོར་༤།༠༠༠ ་རོགས་དངུལ་སྤྲད་པ་སོགས། ད་བར་ཁྱིམ་ཚང་འབུམ་༣ ཙམ་ལ་རོགས་རམ་བྱས་ཡོད་འདུག
ཡིན་ཡང་། གཞུང་གི་དཔོན་རིགས་ཁ་ཤས་ཀྱིས་བྱེད་ཐབས་དེ་དག་གཅིག་པུས་མི་འབོར་ཉམས་རྒུད་འགྲོ་བའི་དཀའ་ངལ་འདི་སླར་གསོ་བྱེད་ཐུབ་པར་ཐེ་ཚོམ་དང་། དཀའ་ངལ་དེ་ནི་ཧ་ཅང་གཏིང་ཟབ་པ་ཞིག་དང་སེལ་རྒྱུ་ཁག་པོ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།