ཧ་མ་སི་དང་ཨི་སི་རེལ་གྱི་དམག་མཚམས་དུས་ཡུན་རིང་དུ་གཏོང་རྒྱུའི་གྲོས་མོལ་བྱེད་བཞིན་པ།
ཟླ་འདིའི་ཚེས་༢༧ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་སི་རེལ་དང་ཧ་མ་སི་བར་གྲོས་མཐུན་གྱིས་ཉིན་བཞིའི་རིང་དམག་འཁྲུག་མཚམས་འཇོག་དང་། བཙོན་པ་དང་གཏའ་མི་མང་པོ་གློད་བཀྲོལ་བྱས་ཡོད་འདུག ད་ལྟའི་ཆར་ཨི་ཇིབ་དང་ཁ་ཐར་གཉིས་ཀྱི་བར་འདུམ་འོག་ཕྱོགས་གཉིས་བར་གཏའ་མི་དང་བཙོན་པ་བརྗེ་ལེན་ཆེད། དམག་མཚམས་ཀྱི་དུས་ཡུན་རིང་དུ་གཏོང་རྒྱུའི་གྲོས་མོལ་བྱེད་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག

ཧ་མ་སི་དང་ཨི་སི་རེལ་གཉིས་ཀྱི་གྲོས་མཐུན་ལྟར། ཕྱོགས་གཉིས་ཀྱི་བར་དམག་མཚམས་བཞག་པའི་ཉིན་དང་པོར། ཧ་མ་སིས་ཨི་སི་རེལ་གྱི་མི་གྲངས་༡༣ དང་ཐེ་ལན་ཌིའི་མི་༡༠ ། ཧྥེ་ལེ་ཕིན་གྱི་མི་༡ བཅས་ཁྱོན་བསྡོམས་མི་གྲངས་༢༤ གློད་བཀྲོལ་བཏང་ཡོད་པ་དང་། ཨི་སི་རེལ་གྱིས་བུད་མེད་༢༤ དང་ལོ་ན་ཆུང་བའི་གཞོན་སྐྱེས་གྲངས་༡༥ བཅས་པ་ལི་སི་ཐན་གྱི་བཙོན་པ་༣༩ གློད་བཀྲོལ་བཏང་ཡོད་འདུག
ཟླ་འདིའི་ཚེས་༢༦ ་ཉིན་ཧ་མ་སིས་འཛིན་བཟུང་བྱས་པའི་གཏའ་མི་ཕྱི་མི་གསུམ་དང་ཨི་སི་རེལ་གྱི་མི་གྲངས་༡༤ གློད་བཀྲོལ་བཏང་ཡོད་པ་དང་། དེའི་ལན་དུ་ཨི་སི་རེལ་གྱིས་པ་ལི་སི་ཐན་གྱི་བཙོན་པ་༣༩ གློད་བཀྲོལ་བཏང་ཡོད་འདུག
ཕྱོགས་གཉིས་ཀྱི་གྲོས་མཐུན་ནང་། ཧ་མ་སིས་འཛིན་བཟུང་བྱས་པའི་གཏའ་མི་༥༠ གློད་བཀྲོལ་གཏོང་དགོས་པ་ལྟར། གཏའ་མི་གཞན་རྣམས་དམག་མཚམས་བཞག་པའི་ཉིན་མཐའ་མར་གློད་བཀྲོལ་གཏོང་རྒྱུ་ཡིན་འདུག
ལོ་འདིའི་ཟླ་༡༠ ཚེས་༧ ཉིན་ཧ་མ་སིས་གློ་བུར་དུ་ཨི་སི་རེལ་ལ་གཏོར་རྒོལ་དང་བཙན་འཛུལ་བྱས་ནས་མི་གྲངས་༡༢༠༠ བསད་ཡོད་པ་མ་ཟད། མི་གྲངས་༢༤༠ འཛིན་བཟུང་གིས་གཏའ་མི་ལ་བཙན་ཁྲིད་བྱས་ཡོད་འདུག ཨི་སི་རེལ་གྱིས་གཏོར་རྒོལ་དེ་ལ་འཁོན་ལན་བསླགས་ཏེ། ད་བར་ཨི་སི་རེལ་གྱིས་ཕྲུ་གུ་༥༠༠༠ གཙོས་པའི་མི་གྲངས་༡༤༠༠༠ ལྷག་རྐྱེན་ལམ་དུ་བཏང་ཡོད་འདུག
ཧ་མ་སིས་དམག་འཁྲུག་མཚམས་འཇོག་པའི་དུས་ཡུན་རྒྱུན་སྲིང་འདོད་ཡོད་ཅེས་བརྗོད་ཡོད་པ་ལྟར། ཨི་སི་རེལ་གྱི་སྲིད་བློན་གྱིས་ཀྱང་། གལ་སྲིད་དམག་མཚམས་འཕར་མ་ཉིན་གཅིག་གི་ནང་གཏའ་མི་༡༠ རེ་གློད་བཀྲོལ་བཏང་ན། ཁོང་གིས་གནས་སྐབས་དམག་འཁྲུག་མཚམས་འཇོག་རྒྱུ་ལ་དགའ་བསུ་ཡོད་ཅེས་བརྗོད་ཡོད་འདུག
ད་ལྟའི་ཆར་ཨི་ཇིབ་དང་ཁ་ཐར་གཉིས་ཀྱི་བར་འདུམ་འོག་ཕྱོགས་གཉིས་བར་གཏའ་མི་དང་བཙོན་པ་བརྗེ་ལེན་ཆེད། དམག་མཚམས་ཀྱི་དུས་ཡུན་རིང་དུ་གཏོང་རྒྱུའི་གྲོས་མོལ་བྱེད་བཞིན་ཡོད་འདུག་ལ། ཨི་སི་རེལ་ལ་གཏའ་མི་ཚོའི་ནང་མི་དང་མཐུན་ཕྱོགས་རྒྱལ་ཁབ་ཚོས་གནོན་ཤུགས་ཆེན་པོ་སྤྲད་ཀྱི་ཡོད་འདུག
གཞན་ཡང་(The WIRE) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧ་མ་སི་དང་ཨི་སི་རེལ་གྱི་དམག་འཁྲུག་ཁྲོད་གསར་འགྱུར་དང་བརྒྱུད་ལམ་ཁག་ནང་ལས་ཀ་བྱེད་མཁན་མི་གྲངས་༥༣ གྱི་ཚེ་སྲོག་ཤོར་ཡོད་པ་དང་། གསར་འགོད་པ་༡༡ ལ་རྨས་སྐྱོན་ཕོག་ཅིང་། གསར་འགོད་པ་༣ ནི་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། གསར་འགོད་པ་༡༨ ་འཛིན་བཟུང་བྱས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།