ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་གྲོངས།

ཟླ་༧ པའི་ཚེས་༨ ཉིན་གྱི་སྔ་དྲོར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་(Virbhadra Singh) རང་ལོ་༨༧ ཐོག་སྐུ་གྲོངས་འདུག་པ་དང་། མངའ་སྡེ་གཞུང་ནས་དམ་པ་ཁོང་ལ་གུས་བརྩི་མཚོན་ཆེད་དུ་ཉིན་གསུམ་རིང་མྱ་ངན་ཡིན་པའི་གསལ་བསྒྲགས་བྱས་འདུག དེ་བཞིན་༧གོང་ས་མཆོག་གིས་ཁོང་གི་བཟའ་ཟླའི་མིང་ཐོག་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག 

དམ་པ་ཁོང་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐབས་༦ རིང་གནང་མྱོང་བ་དང་། མངའ་སྡེའི་གྲོས་ཚོགས་འཐུས་མིར་ཐེངས་༩ དང་། དབུས་གྲོས་ཚོགས་འཐུས་མིར་ཐེངས་༥ ལ་འདེམས་ཐོན་བྱུང་ཡོད་པས། གྲུབ་འབྲས་དེ་འདྲ་ཐོན་མཁན་ནི་སྲིད་དོན་མི་སྣ་ཁ་ཤས་མ་གཏོགས་མེད་པ་རེད་འདུག 

༧གོང་ས་མཆོག་གིས་ཁོང་གི་བཟའ་ཟླར་ཐུགས་གསོའི་གསུང་འཕྲིན་བསྩལ་དོན་ལ། དམ་པ་ཁོང་གིས་མི་མང་གི་ཆེད་དུ་ཞབས་ཞུ་བསྒྲུབས་ནས་མི་ཚེ་རིང་པོ་དང་དོན་སྙིང་ལྡན་པ་ཞིག་བསྐྱལ་ཡོད། ཁོང་གིས་མི་མང་གི་དཀའ་ངལ་ལ་བྱམས་བརྩེ་ཆེན་པོས་གསན་འཇོག་གནང་ཕྱོགས་དེར་ངོས་ནས་ཡིད་སྨོན་བྱེད་ཀྱི་ཡོད། ལོ་མང་རིང་ངོས་གཉིས་ངོ་ཤེས་པའི་རིང་ཁོང་གིས་ང་ལ་གྲོགས་པོའི་མཛའ་བརྩེ་ཟབ་མོ་བཟུང་བར་སྒེར་ཐོག་ནས་བཀའ་དྲིན་ཆེན་པོ་ཡིན། ལོ་རྒྱུས་ཐོག་ནས་བཤད་ན་རྒྱལ་སྲས་ཁོང་གི་རྒྱལ་ཁམས་(Bushair) ཡི་མི་མང་དང་ཁྱིམ་མཚེས་བོད་ཀྱི་ནུབ་ཕྱོགས་མི་མང་དང་འབྲེལ་བ་ཟབ་པོ་ཡོད་པ་རེད། ཧི་མ་ཅལ་མངའ་སྡེའི་ནང་སྤྱི་ཁྱབ་བློན་ཆེན་རྒྱུན་རིང་ཤོས་གནང་མཁན་ཡིན་པས་ཁོང་ཤིན་ཏུ་ནས་དྲན་རྒྱུ་རེད་ཅེས་གསུངས་འདུག 

བོད་མིའི་སྒྲིག་འཛུགས་ནས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས་རྗེས་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་པ་རེད་འདུག 

ཁོང་ལ་ཏོག་དབྱིབས་ནད་དུག་ཐེངས་གཉིས་ཕོག་ནས་དྲག་བསྐྱེད་བྱུང་འདུག་ཀྱང་། ཏོག་ནད་རྐྱེན་གྱིས་འཕྲོད་བསྟེན་ལ་དཀའ་ངལ་འཕྲད་ནས་གྲོངས་ཡོད་པ་རེད་འདུག 

ཁོང་ནི་གནའ་མོའི་(Bushair) རྒྱལ་ཁམས་ཀྱི་རྒྱལ་པོའི་ཁྱིམ་ཚང་ནས་ཡིན་འདུག་པ་དང་། མང་པོ་ཞིག་གིས་ཁོང་ལ་རྒྱལ་སྲས་ཞེས་འབོད་ཀྱི་ཡོད་འདུག ཕྱི་ལོ་༡༩༦༢ ལོར་ཁོང་ཐོག་མར་རྒྱ་གར་གྱི་དབུས་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་འདུག་པ་དང་། དབུས་གཞུང་གི་བློན་ཆེན་ཡང་གནང་མྱོང་ཡོད་པ་རེད། །

གསར་འགོད་པ་སྐལ་བཟང་དོན་གྲུབ།