ཧི་མ་ཅཱལ་ནང་ཏོག་དབྱིབས་ནད་པའི་ཁ་གྲངས་འཕར་བཞིན་འདུག
རྒྱ་གར་ནང་ཏོག་དབྱིབས་ནད་པའི་ཁ་གྲངས་འཕར་བཞིན་ཡོད་པ་ལྟར། མངའ་སྡེ་གཞན་དུ་ལས་ཀ་བྱེད་མཁན་ཧི་མ་ཅཱལ་མངའ་སྡེའི་ས་གནས་མི་མང་མི་འཕོན་ཆེན་ཕྱིར་སླེབས་མགོ་བཙུགས་ནས་བཟུང་། ཏོག་དབྱིབས་ནད་པའི་ཁ་གྲངས་མང་དུ་འགྲོ་བཞིན་འདུག འོན་ཀྱང་མངའ་སྡེ་གཞན་དང་བསྡུར་ན་གནས་སྟངས་དྲག་བ་རེད་འདུག
ཟླ་༥ པའི་ཚེས་༡༢ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧི་མ་ཅཱལ་མངའ་སྡེའི་ནང་དུ་མངའ་སྡེ་གཞན་དུ་ལས་ཀ་བྱེད་མཁན་ཡུལ་མི་རྣམས་ཕྱིར་ལོག་ཆོག་རྒྱུའི་བཀའ་ཁྱབ་མ་བཏང་བའི་སྔོན་དུ། མངའ་སྡེའི་ནང་ཏོག་དབྱིབས་ནད་པ་གཉིས་གསུམ་ལས་མེད་ཀྱང་། མངའ་སྡེ་གཞན་ནས་ཧི་མ་ཅཱལ་ནང་ཡུལ་མི་ཁྲི་མང་པོ་ཕྱིར་ལོག་བྱེད་མགོ་བཙུགས་པའི་རྗེས་སུ། ཉིན་དགུ་ཡི་ནང་དུ་ནད་པའི་ཁ་གྲངས་༡ ནས་༢༦ བར་འཕར་ཡོད་འདུག གཅིག་གྲོངས་འདུག་པས། ཚེས་༡༢ བར་མངའ་སྡེའི་ནང་ནད་པ་ཡིན་པའི་ཁ་གྲངས་༢༥ ཡིན་འདུག་པ་དང་། ད་བར་ནད་པའི་ཁ་གྲངས་༦༦ ཡིན་འདུག
དེ་སྔོན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། མངའ་སྡེ་གཞན་ནས་ཕྱིར་ལོག་བྱེད་མཁན་ཁྲོད་ནས་ཀང་ར་རྫོང་དུ་མི་མང་ཤོས་ཕྱིར་ལོག་བྱས་འདུག ཕྱིར་ལོག་བྱེད་རྒྱུའི་ལས་དོན་མགོ་མ་བཙུགས་པའི་སྔོན་དུ་ཀང་ར་རྫོང་དུ་ཏོག་དབྱིབས་ནད་དུག་གི་ནད་པ་ཆ་ཚང་དྲག་སྐྱེད་བྱུང་ནས་ནད་པ་གཅིག་ཀྱང་མེད་ཀྱང་། ད་ལྟའི་ཆར་ཀང་ར་རྫོང་ནང་ནད་པ་ཡིན་མཁན་གྱི་ཁ་གྲངས་༡༠ ཆགས་ཡོད་འདུག
དེའི་ཁྲོད་ས་གནས་གཞན་ནས་ཕྱིར་ལོག་བྱེད་མཁན་ནད་པ་ཁ་གྲངས་༦ དང་། ཕྱིར་ལོག་བྱེད་མཁན་ནད་པ་ནས་ནད་དུག་འགོས་པའི་མི་གྲངས་༡། མི་གྲངས་༣ ཞིག་ལ་ན་ཚ་སུའི་ས་ནས་འགོས་པ་གཏན་འཁེལ་བྱུང་མེད་པ་རེད་འདུག དེ་དག་ཁོངས་ནས་ཉེན་རྟོག་པ་གཅིག དེ་བཞིན་ལམ་ཟུར་གྱི་ཇ་ཁང་ཆུང་ཆུང་ཞིག་གི་བདག་པོ་གཅིག་ཡོད་འདུག་པས། ཀར་ར་རྫོང་གིས་ནད་པ་དེ་དག་གི་ནད་དུག་འགོས་ཡུལ་རྩད་གཅོད་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག ནད་པའི་ཁོངས་ནས་སྨན་པ་གཅིག་ཀྱང་ཡོད་འདུག
དེ་ཡང་མངའ་སྡེའི་ནང་ཕྱིར་ལོག་བྱེད་མཁན་ཁག་ཅིག་གིས་གཞུང་གི་བཀའ་རྒྱ་ལྟར་ཁྱིམ་སྡོད་ཟུར་བཅད་མི་བྱེད་པར་ཕྱི་ལ་ཐོན་པའི་གནས་ཚུལ་ཡང་མང་པོ་ཐོན་འདུག དེ་ཡང་ད་བར་ཕྱི་ལོར་བྱེད་མཁན་མི་གྲངས་༡༩༥ ལ་ཟུར་བཅད་ཀྱི་ཁྲིམས་མ་སྲུང་བའི་ཉེས་འཛུགས་བྱས་འདུག་པ་དང་། དེའི་ནང་མང་ཤོས་ཀང་ར་རྫོང་ནང་མི་གྲངས་༥༩ ལ་ཉེན་རྟོག་པས་ཉེས་འཛུགས་བྱས་འདུག དེ་བཞིན་ཕྱིར་ལོག་བྱེད་མཁན་ཁག་ཅིག་གིས་ཆེད་དུ་མངགས་ནས་གཞུང་ལ་སོ་སོའི་ཁ་བྱང་རྫུན་མ་སྤྲད་པའི་གནས་ཚུལ་ཡང་བྱུང་ཡོད་འདུག
ཟླ་༥ པའི་ཚེས་༣ ཉིན་ཧི་མ་ཅཱལ་ནང་ནད་པ་༡ ལས་མེད་ཀྱང་ད་ལྟའི་ཆར་༢༥ ཆགས་ཡོད་པས། མངའ་སྡེ་གཞུང་གིས་མཚོན་ཁྲ་དམར་པོ་ཡིན་པའི་ས་གནས་ཁག་ནས་ཕྱིར་ལོག་བྱེད་མཁན་ཚང་མ་གཞུང་གི་ཟུར་བཅད་ཁང་དུ་འཇོག་རྒྱུ་ཐག་གཅོད་བྱས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།