ཧི་མ་ལ་ཡའི་རི་རྒྱུད་དང་བོད་བརྒྱུད་ནང་བསྟན།

ཆོས་ལུགས་གང་ཡིན་ཡང་རང་ཉིད་ཀྱི་དར་འཕེལ་དང་། དེས་བསྐྱེད་པའི་ཤུགས་རྐྱེན་སོགས་གང་ཐད་ནས་བསམ་བློ་དང་། དེ་དང་འབྲེལ་བའི་ལས་འཆར་འདྲ་མིན་སྣ་ཚོགས་སྤེལ་བཞིན་ཡོད། དཔེར་ན་འཛམ་གླིང་ཤར་ནུབ་ཀུན་ཏུ་རྗེས་འབྲངས་པ་མང་ཤོས་དང་མི་མང་གི་སེམས་པ་འགུག་མཁས་ཤོས་ནི་ཡེ་ཤུའི་ཆོས་ལུགས་པ་ཡིན་པ་དང་། ཡེ་ཤུའི་ཆོས་ལུགས་པའི་ངོས་ནས་མི་མང་གི་འདོད་མོས་དང་། དགོས་མཁོ་གཞི་རྩར་བཞག་ནས་ཆོས་ལུགས་དར་སྤེལ་གཏོང་བ་དང་། ཁ་ཆེ་དང་། ཧིན་དུ་གཉིས་ཀྱིས་སྲོལ་རྒྱུན་གྱི་དད་འདུན་གཞི་རྩར་བཞག་ནས་ཆོས་ལུགས་དར་སྤེལ་དང་རྒྱུད་འཛིན་བྱེད་བཞིན་ཡོད། ཨང་བཞི་པ་ནང་པ་སངས་རྒྱས་པའི་རྗེས་འབྲངས་པ་རྣམས་ཀྱིས་རང་ཉིད་ཀྱི་ཆོས་ལུགས་དར་སྤེལ་བྱེད་སྟངས་ནི་གཞན་དག་གི་རྗེས་སུ་ལུས་ཡོད་པ་མ་ཟད། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲངས་པ་ཕལ་ཆེ་བས་ཡུལ་གྲུ་གསར་པ་ཞིག་ཏུ་ནུས་པ་འདོན་ཐུབ་མིན་ནི་དཔལ་འབྱོར་འདུ་འགོད་ཐུབ་མིན་གྱི་ཐོག་ནས་གཞི་འཛིན་བཞིན་པ་ལྟ་བུའི་རྣམ་པ་ཡོད།
བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་དགོན་སྡེ་དང་སློབ་གྲྭ་གང་མང་ཞིག་གསར་འཛུགས་བྱས་ཡོད་པ་དང་། བོད་ནས་གསར་དུ་འབྱོར་མཁན་མང་དུ་སོང་རྗེས་དགོན་པ་ཁག་དང་། སློབ་གྲྭ་ཁག་ནི་དེ་བས་ཀྱང་རེ་བ་དང་མདུན་ལམ་ཆེན་པོ་ཡོད་པའི་སྒྲིག་འཛུགས་ཤིག་ཏུ་གྱུར་ཡོད་ནའང་། རིམ་པས་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་བོད་ནས་འབྱོར་མཁན་ཉུང་དུ་སོང་བས། སློབ་གྲྭ་ཁག་དང་དགོན་སྡེ་ཁག་ནི་ལྟག་ཆུ་ཆད་པའི་རྫིང་བུ་ལྟ་བུར་འགྱུར་བཞིན་ཡོད། བཙན་བྱོལ་ནང་སྐྱེས་ཤིང་འཚར་ལོང་བྱུང་བའི་བུ་ཕྲུག་ཅིག་ལ་མཚོན་ན་དགོན་སྡེ་ཁག་ཏུ་ཞུགས་ནས་གྲྭ་པ་དང་བཙུན་མ་བྱེད་མཁན་ནི་ཉིན་མོའི་སྐར་ལས་ཀྱང་དཀོན་པས། བཙན་བྱོལ་ནང་གི་དགོན་སྡེ་ཁག་ལ་མཚོན་ན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་རྗེས་འབྲངས་པ་རྣམས་རེ་བ་རྒྱག་ཡུལ་གཙོ་བོར་གྱུར་ཡོད། དེང་སྐབས་ཧི་མ་ལ་ཡའི་རི་རྒྱུད་ནས་ཀྱང་གྲྭ་བཙུན་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་པས། མ་འོངས་པར་བཙན་བྱོལ་ནང་གི་བོད་པའི་དགོན་སྡེ་ཁག་ནི་འགྲེམས་སྟོན་ཁང་ལྟ་བུར་འགྱུར་ཉེན་ཡོད།
གནས་སྟངས་འདིའི་སྔ་རྗེས་ལ་བལྟས་ན་ཟས་གོས་སོགས་འཚོ་བའི་གནས་སྟངས་ཡག་སྡུག་དང་། གྲྭ་བཙུན་བྱེད་མཁན་མང་ཉུང་གི་གནས་སྟངས་དབར་འབྲེལ་བ་ཅུང་ཙམ་ཡོད་པའི་རྣམ་པ་ཡོད་པ་མ་ཟད། བཙན་བྱོལ་བོད་པའི་སྤྱི་ཚོགས་གཙོ་བོར་གྱུར་པའི་འབྲེལ་ཡོད་ཁག་གི་བསམ་བློ་གཏོང་སྟངས་དང་འགྲེལ་བཤད་རྒྱག་སྟངས་གང་ཐད་ནས་གནད་དོན་དེ་དང་འབྲེལ་བ་མེད་པ་ཞིག་མིན་ཚོད་རེད། ད་ལྟའི་ཆར་བཙན་བྱོལ་བོད་པའི་དགོན་སྡེ་ཁག་ཏུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་བཙུན་རྣམ་པས་གྲྭ་བཙུན་སྤྱིའི་བརྒྱ་ཆ་ཆེན་པོ་ཟིན་ཡོད་ནའང་། མ་འོངས་པར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་རྒྱུན་ཡང་ཉུང་དུ་འགྲོ་ངེས་ཡིན་པ་ད་ལྟ་ནས་གསལ་དུ་འགྲོ་བཞིན་ཡོད། ད་ལྟའི་ཆར་གྲྭ་རྒྱུན་བསྡུ་རུབ་བྱེད་སྟངས་ནི་སློང་མོ་རྒྱག་སྟངས་ཀྱི་རྣམ་པ་ལྟ་བུར་གྱུར་ཡོད་པ་དང་། འདས་པའི་ལོ་རྒྱུས་ནང་དགོན་པའི་སྒྲིག་ཁོངས་སུ་ཚུད་དང་མི་ཚུད་དཀའ་ངལ་ཡོད་པ་ཞིག་ཏུ་གྱུར་མྱོང་བས། གོང་དུ་བརྗོད་པ་བཞིན་མ་འོངས་པར་བཙན་བྱོལ་ནང་གི་དགོན་སྡེ་ཕལ་ཆེ་བ་སྟོང་པར་འགྱུར་རྒྱུའི་ཉེན་ཁ་ཆེ།
བོད་བརྒྱུད་ནང་བསྟན་དར་འཕེལ་དང་རྒྱུན་གནས་ཐོག་དགོངས་པ་བཞེས་ན་ད་ལྟའི་ཆར་བོད་པའི་བླ་སྤྲུལ་དང་། མཁན་པོ་ཁ་ཤས་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་མི་མང་ཡོད་སར་དགོན་སྡེ་གསར་རྒྱག་བྱེད་བཞིན་འདུག ས་གནས་ཁ་ཐག་རིང་པོ་དང་། ཚ་བ་ཆེ་སར་གྲྭ་བཙུན་བྱེད་དུ་འགྲོ་དཀའ་བ་ལ་མཚོན་ན་རང་གི་ས་གནས་སུ་དགོན་པ་དང་། སློབ་གཉེར་གྱི་མཐུན་རྐྱེན་ཡོད་ན་ཕན་ཐོགས་ཆེན་པོ་ཡོད། མ་འོངས་པར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་རྗེས་འབྲངས་པ་རྣམས་རྒྱུན་གནས་ཐུབ་པ་དང་། ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་གཞུང་ལུགས་ཁག་ལ་སློབ་གཉེར་བྱེད་མཁན་ཡང་མང་དུ་འགྲོ་ངེས། བོད་པའི་བླ་སྤྲུལ་དང་མཁན་པོ་དགེ་བཤེས་དག་གིས་མ་འོངས་པར་ལས་འཆར་འདི་ལྟ་བུའི་ཐོག་ལ་ནུས་པ་ཞིག་འདོན་ཐུབ་ན་སངས་རྒྱས་ཀྱི་བསྟན་པ་ཡུན་གནས་དང་། ས་གནས་མི་མང་གི་འཚོ་བ་ལའང་ཕན་ཐོགས་ཆེན་པོ་ཡོད་པས། བོད་པའི་ཁ་རྒྱུན་དུ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་གཉིས་ཀ་ལ་ཕན་ཐོགས་ཡོད་པ་ཞིག་རེད།
མདོར་ན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་ཁག་ཏུ་རང་རང་སོ་སོའི་ཕ་མེས་ནས་བརྒྱུད་པའི་ཆོས་བརྒྱུད་གཞི་རྩར་བཞག་ནས། དགོན་སྡེ་གསར་རྒྱག་གི་རོགས་རམ་ཞིག་བོད་པའི་བླ་སྤྲུལ་རྣམས་ཀྱིས་གནང་ཐུབ་ན། ཆེ་ས་ནས་ལུང་གི་ཆོས་ལ་འཆད་ཉན་དང་། རྟོགས་པའི་ཆོས་ལ་སྒོམ་སྒྲུབ་བྱེད་སའི་བཤད་སྒྲུབ་ཀྱི་སྡེ་རྒྱ་ཆེན་པོ་ཆགས་རྒྱུའི་རེ་བ་ཡོད་པ་དང་། ཆུང་ས་ནས་བཤད་ན་ས་གནས་ཀྱི་ཡུལ་མི་རྣམས་ཀྱིས་ཕྱག་དང་མཆོད་འབུལ་ཞུ་ཡུལ། ཚེས་བཅུ་ཉེར་ལྔས་གཙོས་དུས་ཆེན་རྣམས་རྒྱུན་འཛིན་བྱེད་པར་ཕན་ཐོགས་ཆེན་པོ་ཡོད། ནང་པ་སངས་རྒྱས་པའི་ཆོས་དེ་གྲྭ་བཙུན་གཅིག་པུ་ལས་གཞན་ལ་འགན་ཁུར་མེད་པ་ཞིག་མིན་པས། མི་སྐྱའི་སྤྱི་ཚོགས་ནང་ཆོས་རྒྱུད་འཛིན་ཐུབ་པར་ཡང་ནུས་པ་འདོན་ཐུབ། ལྷག་པར་ས་གནས་དེ་དག་གི་ཡུལ་མིས་རང་ཉིད་ཀྱི་དགོན་སྡེ་ལ་ཤ་ཚ་དང་ཞེན་ཁོག་གི་ཐོག་ནས་དམིགས་བསལ་གྱིས་འཛིན་སྐྱོང་བྱེད་ངེས་པས། མ་འོངས་པར་ཁ་ཕྱོགས་འདིར་ནུས་པ་འདོན་རྒྱུ་ནི་དུས་ཀྱི་དགོས་མཁོ་ཉག་གཅིག་ཏུ་གྱུར་འདུག།