ཧིན་བོད་ས་མཚམས་སུ་ཡོད་པའི་ཨ་རུ་ན་ཅལ་མངའ་སྡེ་ནང་རྒྱ་གར་གཞུང་གིས་འཛུགས་སྐྲུན་ལས་གཞི་རྒྱ་ཆེ་སྤེལ་འཆར་ཡོད་འདུག

རྒྱ་གར་གྱི་སྲིད་བློན་མུ་དྷི་ཡིས་ཨ་རུ་ན་ཅལ་མངའ་སྡེའི་ནང་འཛུགས་སྐྲུན་ལས་གཞི་རྒྱ་ཆེན་པོ་ཞིག་དབུ་འབྱེད་བྱས་འདུག རྒྱ་ནག་གིས་བོད་ནང་ཡར་ཀླུང་གཙང་པོའི་ཆུ་བརྒྱུད་མེ་ཏོག་རྫོང་ནང་ཆུ་མཛོད་ཆེ་ཤོས་ཤིག་གསར་རྒྱག་བྱེད་བཞིན་ཡོད་པ་བརྟེན། ཆུ་མཛོད་དེ་མ་འོངས་པར་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཆགས་རྒྱུ་ཡོད་པའི་རྐྱེན་གྱིས་དེ་ལ་ཁ་གཏད་གཅོག་ཆེད་དུ་རྒྱ་གར་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེ་ནང་ཆུ་མཛོད་ཆེན་པོ་གཉིས་གསར་རྒྱག་བྱེད་རྒྱུ་དབུ་འབྱེད་བྱས་འདུག

པར། NDTV

ཕྱི་ཚེས་༢༢ ཉིན་དཔལ་འབྱོར་དུས་བབ་ཀྱི་གནས་ཚུལ་སྤེལ་དོན་ལ། གཟའ་ཟླ་བའི་ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་ཡིས་ཧིན་སྒོར་བྱེ་བ་༥༠༠༠ ཙམ་གྱི་འཛུགས་སྐྲུན་ལས་འཆར་དབུ་འབྱེད་བྱས་འདུག ལས་འཆར་དེ་དག་ནི་ས་གནས་ཀྱི་འཛུགས་སྐྲུན་ལས་གཞི་ཡར་རྒྱས་དང་ནུས་ཤུགས་ཐོན་ཁུངས་གོང་འཕེལ་གཏོང་ཐབས་ཆེད་དུ་ཡིན་པ་བརྗོད་འདུག རྒྱ་གར་བྱང་ཤར་ཁུལ་ (Itanagar) དུ་སྲིད་བློན་མུ་དྷི་ནས་ཡུལ་སྐོར་སྤྲོ་འཁྱམ་གྱི་ལྟེ་གནས་དང་། འཕྲོད་བསྟེན་སྨན་ཁང་། གཞུང་ལམ། སྡོད་ཁང་སོགས་ཀྱི་འཛུགས་སྐྲུན་ལས་འཆར་རྒྱ་ཆེན་པོ་ཞིག་དབུ་འབྱེད་བྱས་ཡོད་འདུག
འཛུགས་སྐྲུན་ལས་འཆར་དེ་དག་ནས་ལས་འཆར་གལ་ཆེ་ཤོས་གཉིས་དབུ་འབྱེད་བྱས་ཡོད་པ་བརྗོད་འདུག་ཅིང་། དེ་གཉིས་ནི་ (Shi Yomi) ས་གནས་སུ་ (Tato) ཆུ་མཛོད་ཅེས་པ་ཞིག་དང་ (Heo) ཆུ་མཛོད་ཅེས་པ་ཞིག་བཅས་ཆུ་མཛོད་གཉིས་གསར་རྒྱག་བྱེད་འཆར་ཡོད་འདུག ཆུ་མཛོད་དེ་གཉིས་ལ་ཨ་རུ་ན་ཅལ་མངའ་སྡེ་གཞུང་དང་། རྒྱ་གར་བྱང་ཤར་གློག་གི་ནུས་ཤུགས་མཉམ་འབྲེལ་མཐུན་ཚོགས་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་ལས་འཆར་སྤེལ་རྒྱུ་ཡིན་འདུག ཆུ་མཛོད་དེ་གཉིས་ (Yarjep) གཙང་པོའི་ཐོག་འཛུགས་སྐྲུན་བྱེད་རྒྱུ་ཡིན་འདུག ཆུ་མཛོད་དེ་གསར་རྒྱག་ཆེད་ཁྱོན་ཧིན་སྒོར་བྱེ་བ་་༣༦༨༩ ཙམ་འགྲོ་གྲོན་འགྲོ་རྒྱུ་ཡོད་པ་བརྗོད་འདུག རྒྱ་གར་གཞུང་གིས་བརྗོད་དོན་ལ་ས་གནས་དེ་དག་ལ་གློག་ཁང་གསར་རྒྱག་བྱས་ན་མ་འོངས་པར་ས་གནས་སུ་ནུས་ཤུགས་ཐོན་ཁུངས་ཆེ་རུ་འགྲོ་བ་དང་། བདེ་འཇགས་སྲུང་སྐྱོབ་ལ་ཕན་པ། དཔལ་འབྱོར་ཡར་རྒྱས་ལ་ཡང་ཕན་ཐོགས་ཆེན་པོ་ཡོད་པ་བརྗོད་འདུག
དབུ་འབྱེད་མཛད་སྒོའི་སྐབས་སུ་སྲིད་བློན་མུ་དྷི་ནས་མང་ཚོགས་ལ་གསུང་བཤད་གནང་དོན་ལ། ཕྱི་ལོ་༢༠༤༧ བར་རྒྱ་གར་དེ་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཡོང་བའི་ཆེད་དུ་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་སོ་སོ་ནང་ལས་འཆར་འདྲ་མིན་སྤེལ་བའི་ཐོག་ནས་ནུས་པ་ཆེན་པོ་འདོན་བཞིན་ཡོད་པ་དང་། ལས་འཆར་དེ་དག་གི་ས་གནས་སུ་ནུས་ཤུགས་ཐོན་ཁུངས་ཆེ་རུ་གཏོང་བ་དང་། ས་གནས་ཀྱི་གཞོན་སྐྱེས་ཚོར་ལས་ཀ་སྤྲོད་ཐུབ་པ་སོགས་ཀྱི་ཕན་ཐོགས་ཆེན་པོ་ཡོད་ཅེས་གསུངས་འདུག སྲིད་བློན་ཁོང་ཨ་རུ་ན་ཅལ་ལ་ཡོང་བ་དེ་དོན་ཚན་གསུམ་གྱི་ཐོག་ནས་དམིགས་བསལ་ཞིག་ཆགས་ཀྱི་ཡོད་པ་དང་། དོན་ཚན་དང་པོ་ཨ་རུ་ན་ཅལ་ནང་རི་མང་པོ་ལྟད་མོ་མཐོང་རྒྱུ་ཡོད་པ། གཉིས་པ་ GST ལ་བཅོས་སྒྱུར་བྱས་པ་རེས་གཟའ་ཟླ་བ་ནས་ལག་བསྟར་བྱེད་འགོ་ཚུགས་པ། གསུམ་པ་ཆུ་མཛོད་གློག་འདོན་གྱི་ལས་གཞི་སོགས་དབུ་འབྱེད་བྱས་ཡོད་པ་བཅས་ཡིན་པ་བརྗོད་འདུག
རྩ་བའི་ས་གནས་མི་མང་རྣམས་ཀྱིས་ཆུ་ཤུགས་གློག་འདོན་གྱི་ལས་གཞི་དང་འབྲེལ་ཆུ་མཛོད་གསར་རྒྱག་གི་ལས་གཞིར་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་མ་ཟད། ཉེ་བའི་ཆར་ (Siang Valley) རྫོང་ཁོངས་ཀྱི་ས་གནས་མི་མང་རྣམས་ཀྱིས་ (Siang River) གཙང་པོ་ཐོག་ལས་གཞི་བཏོན་པ་རྣམས་ལ་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེར་སྤེལ་ཡོད་ཀྱང་། སྲིད་བློན་མུ་དྷི་ཡིས་གནས་ཚུལ་དེ་དང་འབྲེལ་གླེང་སློང་གང་ཡང་བྱས་མི་འདུག སྲིད་བློན་མུ་དྷི་ཡིས་ཐེངས་འདིའི་བྱང་ཤར་ཁུལ་དུ་མཚམས་གཟིགས་སྐབས་སུ་མངའ་སྡེ་ (Mizoram) དང་ (Manipur) (Assam) བཅས་མངའ་སྡེ་གསུམ་ལ་གཟིགས་སྐོར་ཕེབས་ཡོད་འདུག་ལ། མངའ་སྡེ་དེ་དག་ནང་འཛུགས་སྐྲུན་ལས་གཞི་མང་པོ་ཞིག་དབུ་འབྱེད་བྱས་ཡོད་འདུག རྒྱ་ནག་གཞུང་གིས་བོད་ནང་ཆུ་མཛོད་ཆེན་པོ་ཞིག་གསར་རྒྱག་བྱེད་བཞིན་ཡོད་པ་བརྟེན། རྒྱ་གར་གཞུང་ནས་དེ་ལ་གདོང་ལེན་ཆེད་དུ་ཨ་རུ་ན་ཅལ་ནང་ཆུ་མཛོད་ལས་གཞི་འགོ་འཛུགས་བྱེད་བཞིན་ཡོད་པ་དང་། ལས་གཞི་དེ་དག་ལ་བརྟེན་ནས་ཁྱོན་གྲོང་གསེབ་༡༦ ཙམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་འདུག་ཀྱང་། གུན་གསབ་ཡག་པོ་སྤྲད་ན་གྲོང་གསེབ་དེ་དག་གིས་གཞུང་གི་འདོད་མོས་བཞིན་གནས་སྤོ་དགོས་བྱུང་ན་སྤོ་རྒྱུ་ཡིན་པ་ཨ་རུ་ན་ཅལ་གྱི་གྲོས་ཚོགས་འཐུས་མི་ (Alo Libang) ཡིས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།