ཧིན་སྒོར་བརྗེ་ལེན་དང་འདོན་ལེན་གྱི་ཚད་གཞི་སྤར་བ།
རྒྱ་གར་དབུས་གཞུང་གིས་དངུལ་ཁང་དང་སྦྲགས་ཁང་ལ་ཧིན་སྒོར་བརྗེ་ལེན་དང་དངུལ་འདོན་གྱི་ཚད་གཞི་སྤོར་དགོས་པའི་རེ་སྐུལ་ཁྱབ་བསྒྲགས་བྱས་ཡོད་འདུག
རྒྱ་གར་དབུས་གཞུང་གིས་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་གྱི་དངུལ་མེད་པ་བཟོ་ཆེད་དུ། ཧིན་སྒོར་༥༠༠ དང་༡༠༠༠ ལོར་གཏོང་ལེན་བྱེད་རྒྱུ་མེད་པ་བཟོས་ནས། མི་མང་ལ་ཉིན་རེའི་འཚོ་བའི་འགྲོ་གྲོན་ཆེད་དུ། དངུལ་གསར་རྙིང་བརྗེ་ལན་དང་དངུལ་འདོན་འཕྲུལ་ཆས་ལས་དངུལ་འདོན་པར་དཀའ་ངལ་དང་། དེ་བཞིན་དེ་དག་གི་ཚད་གཞི་ལ་བརྟེན་ནས་དངུལ་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་པས། ཟླ་འདིའི་ཚེས་༡༣ ཉིན་རྒྱ་གར་དབུས་གཞུང་གིས་དངུལ་ཁང་ལས་ཉིན་རེར་དངུལ་གསར་རྙིང་བརྗེ་ལེན་གྱི་ཚད་གཞི་ཧིན་སྒོར་༤༠༠༠ ལས་༤༥༠༠ དང་། བདུན་ཕྲག་གཅིག་ནང་དངུལ་ཁང་ལས་དངུལ་འདོན་པའི་ཚད་གཞི་ཧིན་སྒོར་ཁྲི་གཉིས་ལས་ཁྲི་གཉིས་དང་བཞི་སྟོང་། དངུལ་འདོན་འཕྲུལ་ཆས་ནས་དངུལ་འདོན་གྱི་ཚད་གཞི་༢༠༠༠ ལས་ ༢༥༠༠ ལ་སྤོར་དགོས་པའི་གསལ་བསྒྲགས་བཏང་ཡོད་འདུག དེ་བཞིན་ཉིན་གཅིག་ནང་དངུལ་ཁང་ལས་ཧིན་སྒོར་མང་ཤོས་ཁྲི་གཅིག་འདོན་རྒྱུ་ཡོད་པའི་ཚད་གཞི་དེ་མེད་པ་བཟོས་ཡོད་འདུག
རྒྱ་གར་གྱི་སྲིད་བློན་མི་ཌི་ཡིས་གྷོ་ཝའི་མི་མང་ལ་གཏམ་བཤད་བྱས་འདུག་པ་དང་། སྐབས་དེར་ཁོང་གིས་ཟླ་༡༢ པའི་ཚེས་༣༠ བར་དཀའ་ངལ་ལ་གདོང་ལེན་བྱེད་རོགས་དང་། དེ་རྗེས་མི་མང་གི་འཆར་སྣང་ནང་ཡོད་པའི་རྒྱ་གར་ལུང་པ་དེ་མངོན་སུམ་དུ་འབུལ་རྒྱུ་ཡིན་སྐོར་བརྗོད་འདུག
ད་ལྟའི་ཆར་ཧིན་སྒོར་གསར་པ་༥༠༠ ལོར་དེ་ས་གནས་མང་པོ་ཞིག་ལ་སླེབས་རྒྱུ་ཡིན་འདུག་པས། ཧིན་སྒོར་གསར་པ་༢༠༠༠ ལོར་དེ་བེད་སྤྱོད་སྐབས། དངུལ་སིལ་མ་སྤྲོད་མཁན་མེད་ནས། དངུལ་ལོར་དེ་བེད་སྤྱོད་བྱེད་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག དེ་བཞིན་བོད་ནས་རྒྱ་གར་དུ་གནས་སྐོར་སླེབས་མཁན་མང་དག་ཅིག་གིས་སྔོན་ནས་ཧིན་སྒོར་ཕོན་ཆེན་བརྗེས་ནས་སླེབས་ཡོད་པ་དང་། དེ་དག་ལ་རྒྱ་གར་གྱི་ཡིག་ཆ་གང་ཡང་མེད་པས་དངུལ་བརྗེ་ལེན་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་གནས་ཚུལ་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།