ཧིན་སྒོར་འབུམ་༢ དང་ཁྲི་༥ ལས་མང་བར་ཆད་པ་ཕོག་སྲིད་པ།

ཉེ་ཆར་རྒྱ་གར་དབུས་གཞུང་གིས་ཧིན་སྒོར་༥༠༠ དང་༡༠༠༠ ལོར་གཏོང་ལེན་བྱ་རྒྱུ་མེད་པ་བཟོས་པ་དང་། དངུལ་རྙིང་དངུལ་ཁང་ནང་བཅུག་སྐབས་ཧིན་སྒོར་འབུམ་གཉིས་དང་ཁྲི་ལྔ་ལས་མང་བ་ཡོད་ཚེ། གཞུང་ལ་དཔྱ་ཁྲལ་ཏག་ཏག་སྤྲད་ཡོད་མེད་ཞིབ་འཇུག་ཐོག་ཆད་པ་ཕོག་སྲིད་པ་ཡིན་འདུག

14997109_1310237919000074_2131005958_nདེ་ཡང་ཟླ་འདིའི་ཚེས་༩ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་གཞུང་གི་དཔྱ་ཁྲལ་ལས་ཁུངས་ཀྱི་དྲུང་ཡིག་གིས། དངུལ་བརྗེ་ལེན་དང་ནང་འཇུག་གི་དུས་ཚོད་ཉིན་ལྔ་བཅུ་ཡི་རིང། དངུལ་ཁང་ནང་དུ་ཧིན་སྒོར་འབུམ་གཉིས་དང་ཁྲི་ལྔ་ལས་མང་བ་བཅུག་ཚེ། ཐོག་མར་དོ་བདག་དེ་དག་གི་ཡོང་འབབ་ཀྱི་རྩིས་ཁྲ་ཐོ་བཀོད་དང་དངུལ་དེ་དག་གྲང་ཀ་མཐུན་གྱི་ཡོད་མེད་ཞིབ་འཇུག་བྱ་རྒྱུ་དང་། གལ་ཏེ་མ་མཐུན་ཚེ་དེའི་རིགས་དཔྱ་ཁྲལ་གཡོལ་བའི་གནས་ཚུལ་ལ་གཞིར་བཞག་ནས། དཔྱ་ཁྲལ་ག་ཚོད་སྤྲོད་དགོས་པའི་དངུལ་དང་དཔྱ་དངུལ་གྱི་གྲངས་འབོར་དེའི་བརྒྱ་ཆ་༢༠༠ ཡི་ཆད་པ་གཅོད་རྒྱུ་ཡིན་སྐོར་བརྗོད་འདུག

དེ་བཞིན་ཁོང་གིས་ཚོང་ཆུང་ཆུང་རྒྱག་མཁན་དང་། ནང་དུ་སྡོད་མཁན་སྐྱེས་སྨན་སོགས་ཀྱིས་རང་ཉིད་ཀྱི་ཁྱིམ་དུ་བསགས་པའི་ཧིན་སྒོར་འབུམ་༡ དང་༢ སོགས་དངུལ་ཁང་ལ་ནང་འཇུག་བྱེད་པར་དཔྱ་ཁྲལ་འབབ་པའི་ཡོང་འབབ་མིན་པས། དཔྱ་ཁྲལ་ལས་ཁུངས་ཀྱིས་དཀའ་ཁག་སྤྲོད་རྒྱུ་མིན་སྐོར་བརྗོད་འདུག

དེ་བཞིན་མི་མང་པོ་ཞིག་གིས་དངུལ་ལོར་དེ་དག་བེད་སྤྱད་ནས་གསེར་དངུལ་སོགས་ཀྱི་རྒྱན་ཆ་ཉོ་སྲིད་པས། ཁོང་གིས་རྒྱན་ཆ་འཚོང་སྐབས། ཚོང་པ་དེས་རྒྱན་ཆ་ཉོ་མཁན་གྱི་ཡོང་འབབ་ཀྱི་དཔྱ་ཁྲལ་ལག་ཁྱེར་(PAN Card)གྱི་ཨང་གྲངས་ལེན་དགོས་ཀྱི་ཡོད་པའི་གསལ་བསྒྲགས་བཏང་ཡོད་པ་དང་། གལ་ཏེ་རྒྱན་ཆ་ཚོང་པ་དག་གིས་དེ་ལྟར་མ་བྱས་ཚེ་ཉེས་ཆད་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག

དེ་བཞིན་རྒྱ་གར་ནང་མི་མང་པོ་ཞིག་གིས་དངུལ་ལོར་དེ་དག་བརྗེ་ལེན་དང་དངུལ་ཁང་ནང་བཅུག་པའི་འཚང་ཁ་ཡོད་པ་དང་བསྟུན། དབུས་གཞུང་གིས་དངུལ་ཁང་དང་སྦྲགས་ཁང་སོགས་རེས་གཟའ་སྤེན་པ་དང་ཉི་མར་སྒོ་ཕྱེ་དགོས་པའི་རེ་སྐུལ་བྱས་ཡོད་སྐོར་རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་གྱིས་བརྗོད་འདུག དེ་བཞིན་ཁོང་གིས་དངུལ་འདོན་འཕྲུལ་ཆས་ལས་ཉིན་རེར་ཧིན་སྒོར་མང་ཤོས་༢༠༠༠ འདོན་རྒྱུ་དང་། དངུལ་ཁང་ལས་ཉིན་རེར་མང་ཤོས་ཧིན་སྒོར་ཁྲི་གཅིག་དང་བདུན་ཕྲག་གཅིག་ནང་ཁྲི་གཉིས་འདོན་ཆོག་པའི་ཁྲིམས་དེ། དུས་ཚོད་ཏོག་ཙམ་རིང་དངུལ་ཁང་ཁག་གི་ནང་དུ་དངུལ་ལོར་གསར་པ་མང་པོ་མ་སླེབས་བར་མུ་མཐུད་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག

གནས་ཚུལ་དེ་དང་འབྲེལ་ནས་རྒྱ་གར་གྱི་ཁྲིམས་རྩོད་པ་གཉིས་ཀྱིས། རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་དངུལ་ལོར་གཉིས་པོ་དེ་བེད་མེད་བཟོས་པར། རྒྱ་གར་དབུས་གཞུང་གིས་རྩ་ཁྲིམས་དང་མ་མཐུན་པ་དང་དྲང་བདེན་གྱི་བྱེད་ཕྱོགས་མིན་སྐོར་གྱི་ཞུ་གཏུགས་བྱས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།