ཧོང་ཀོང་གི་ངོ་རྒོལ་བ་ཚོས་རྒྱལ་ཁབ་ཉི་ཤུའི་ཚོགས་འདུའི་ཐོག་ཁོང་ཚོར་རྒྱབ་སྐྱོར་གནང་བའི་རེ་འབོད་ཞུས།
དེ་རིང་སྟེ་ཟླ་༦ ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་གྲགས་ཆེ་བ་ཁག་གི་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཧོང་ཀོང་གི་ངོ་རྒོལ་བ་རྣམས་ཀྱིས་ཁོ་ཚོའི་ཆབ་སྲིད་ཀྱི་རང་དབང་འཐབ་རྩོད་ལ་ཕྱིའི་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཡོང་བའི་རེ་འབོད་ཞུས་པ་དང་། བདུན་ཕྲག་འདིའི་ནང་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཁ (Osaka) རུ་འཚོགས་གཏན་ཁེལ་བའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྔོན་དུ་འཛམ་གླིང་གི་འགོ་ཁྲིད་ཚོར་རེ་སྐུལ་ཞུ་བཞིན་ཡོད་འདུག

དེ་ཡང་ངོ་རྒོལ་བ་བརྒྱ་ཕྲག་དུ་མ་ཞིག་གྲོང་ཁྱེར་གྱི་ལྟེ་བར་འཛོམས་ཤིང་། དེ་ནས་ཨ་རི་དང་། དབྱིན་ཇི། ཉི་ཧོང་བཅས་འདུས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའིི་སྐུ་ཚབ་གཞུང་ཚབ་ཁག་ཏུ་བསྐྱོད་ནས་རྩོད་རྙོག་ཅན་གྱི་ཁྲིམས་འཆར་དེ་ཡོངས་སུ་མེད་པ་བཟོ་བའི་ཁོང་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བའི་ཞུ་ཡིག་ཕུལ་འདུག

“ཧོང་ཀོང་བཅིངས་གྲོལ་ཐོངས”ཞེས་པའི་འཕྲེད་དར་ཁྱེར་བའི་ལས་འགུལ་བ་རྣམས་ཀྱིས་དགོང་མོའི་ལྷན་འཛོམས་ཤིག་ཏུ་ངོ་རྒོལ་གྱི་གླུ་དབྱངས་བླངས་ཤིང་། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་འགོ་ཁྲིད་ཚོར་ཁོ་ཚོའི་ཐོབ་ཐང་སྲུང་སྐྱོབ་བྱ་བའི་རེ་སྐུལ་ཞུས་འདུག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་མཐོན་པོ་ཞིག་གིས་པེ་ཅིང་སྲིད་གཞུང་གིས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་མཐུན་ཚོགས་ལ་ཧོང་ཀོང་གི་གནད་དོན་གླེང་དུ་འཇུག་རྒྱུ་མིན་སྐོར་བཤད་ཡོད་ཀྱང་། ཧོང་ཀོང་གི་ངོ་རྒོལ་བ་ཚོའི་འབད་བརྩོན་དེས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ལ་ཁོང་ཚོའི་གནད་དོན་གླེང་དུ་འཇུག་པའི་རེ་བ་རྒྱག་གི་ཡོད་འདུག
བདུན་འདིའི་རེས་གཟའ་པ་སངས་དང་སྤེན་པ་གཉིས་ལ་འཚོགས་གཏན་ཁེལ་བའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་གྲོས་མོལ་ཚོགས་འདུའི་ཐོག་ཧོང་ཀོང་གི་གནད་དོན་གླེང་རྒྱུ་ཡིན་མིན་ད་རུང་ཡང་ཁ་གསལ་ཆགས་མི་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
