ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ལྔ་འཛིན་བཟུང་ཐུབ་ན་བྱ་དགའ་ཨ་སྒོར་འབུམ་རེ་སྤྲད་རྒྱུར་བསྒྲགས།
ཟླ་འདིའི་ཚེས་༡༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཧོང་ཀོང་གི་ཉེན་རྟོག་པས་ཕྱི་རྒྱལ་དུ་བྲོས་བྱོལ་ཕྱིན་པའི་དམངས་གཙོ་དོན་གཉེར་བ་ལྔ་འཛིན་བཟུང་བྱ་ཐུབ་ན་ཨ་སྒོར་འབུམ་གཅིག་ལྷག་གི་བྱ་དགའ་སྤྲོད་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག

ཧོང་ཀོང་གི་ཉེན་རྟོག་པས་ཕྱི་རྒྱལ་ཁག་ཏུ་བྲོས་བྱོལ་དུ་ཕྱིན་ཡོད་པའི་དམངས་གཙོ་དོན་གཉེར་བ་ལྔ་འཛིན་བཟུང་བྱ་ཐུབ་ཚེ། ལས་འགུལ་བ་རེ་རེ་འཛིན་བཟུང་བྱས་པའི་བྱ་དགའ་ཨ་སྒོར་$༡༢༨༠༠༠ ་སྤྲོད་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད་འདུག
དམངས་གཙོ་དོན་གཉེར་བ་ལྔ་པོ་ནི། སི་མོང་ཁྲིན།(Simon Cheng) །ཧྥ་རན་སི་སེ ཧོལ(Frances Hui) ། ཇོ་སུལ(Joey Siu) ། ཇོན་ནི ཧྥོ་ཀི་(Johnny Fok) །ཊོ་ནི ཆོའེ་(Tony Choi) ། བཅས་ཡིན་ཞིང་། ཁོང་ཚོ་ལ་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་དང་། ཕྱི་རྒྱལ་གྱི་སྟོབས་ཤུགས་དང་ངན་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་བྱས་ཉེས་བསགས་ཡོད་པར་བསྒྲགས་ཡོད་འདུག
རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་སྤྱི་ཁྱབ་ཉེན་རྟོག་པ་(Li Kwai-wah) ཡིས། ཁོང་ཚོས་རང་ཉིད་ཀྱི་རྒྱལ་ཁབ་དང་ཧོང་ཀོང་བཙོངས་ནས་ཧོང་ཀོང་བའི་ཁེ་ཕན་སྣང་མེད་དུ་བཏང་ཡོད་པ་དང་། ཁོང་ཚོ་ཕྱི་རྒྱལ་ལ་བྲོས་བྱོལ་དུ་ཕྱིན་པའི་རྗེས་སུ་ཡང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པས་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་མཇུག་མ་བསྒྲིལ་བར་ཁོང་ཚོ་རྗེས་འདེད་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག
ཁྲིན་ཞེས་པའི་ལས་འགུལ་བ་ཁོང་། ཕྱི་ལོ་༢༠༡༩ ལོ་རྒྱ་ནག་ལ་ཚོང་དོན་སྒྲུབ་པར་འགྲོ་སྐབས། རྒྱ་གཞུང་གིས་རྒྱ་ནག་སྐམ་ས་ཆེན་པོར་གཟའ་འཁོར་གཉིས་རིང་བཀག་བསྐྱིལ་བྱས་ཡོད་འདུག ཁོང་ནི་ཧོང་ཀོང་དུ་བཅའ་སྡོད་བྱེད་པའིི་དབྱིན་ཇིའི་གཞུང་ཚབ་ཁང་དུ་ལས་ཀ་བྱེད་མཁན་གྱི་ལས་མི་ཟུར་པ་ཞིག་ཆགས་ཀྱི་ཡོད་འདུག
རྗེས་སུ་ཁོང་ཉིད་དབྱིན་ཡུལ་དུ་སྐྱབས་བཅོལ་ཕྱིན་ཞིང་། དབྱིན་ཡུལ་དུ་ཧོང་ཀོང་བ་ཞེས་པའི་ཁེ་གཉེར་མིན་པའི་ཚོགས་པ་ཞིག་བཙུགས་ནས་དབྱིན་ཡུལ་དུ་གནས་སྤོ་ཡོང་མཁན་ཧོང་ཀོང་བ་ཚོ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག ཁོང་ནི་ད་ལྟ་ལོ་ན་༣༣ ཡིན་པ་དང་། ཧོང་ཀོང་ཉེན་རྟོག་པས་ཁོང་ཉིད་འཛིན་བཟུང་ཐུབ་ན་བྱ་དགའ་སྤྲོད་རྒྱུའི་གསལ་བསྒྲགས་དེའི་ཐོག་ལ། ཁོང་གིས་བྱ་དགའ་ཨ་སྒོར་འབུམ་གཅིག་ལྷག་གི་འོག་ཧོང་ཀོང་གི་གསང་བའི་ཉེན་རྟོག་པས་རྗེས་དེད་བྱས་པ་ནི་ཁོང་ཉིད་ཀྱི་མི་ཚེ་གང་བོའི་གཟི་བརྗིད་ཅིག་ཡིན་ཞེས་བརྗོད་ཡོད་འདུག
གཞན་ཡང་ལས་འགུལ་བ་བུ་མོ་ཇོ་སུལ་ཟེར་བ་ནི་ལོ་ན་༢༤ ཡིན་པ་དང་། ཁོང་ཉིད་ཨ་རི་ལ་བྲོས་བྱོལ་དུ་མ་ཕྱིན་པའི་སྔོན། ཕྱི་ལོ་༢༠༡༩ ལོ་ཧོང་ཀོང་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་གཙོ་བོའི་གྲས་ཤིག་ཆགས་ཡོད་འདུག ཁོང་མོས་ངའི་ཁ་ནམ་ཡང་བཀག་ཐུབ་ཀྱི་མ་རེད་ལ། ངས་ནམ་ཡང་ཕྱི་བཤོལ་བྱེད་ཀྱི་མ་རེད་ཅེས་བརྗོད་ཡོད་འདུག
ཟླ་འདིའི་ཚེས་༡༤ ཉིན་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ཊེ་ཝི་ཊི་ ཀེ་མེ་རོམ་(David Cameron) ་གྱིས། ཧོང་ཀོང་གི་ཉེན་རྟོག་པའི་བྱ་སྤྱོད་དེ་ནི་དམངས་གཙོ་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་འཇིགས་སྣང་སྐུལ་བ་ཞིག་རེད་ཅེས་དང་། ང་ཚོས་ཕྱི་རྒྱལ་གྱི་སྟོབས་ཤུགས་གང་རུང་ཞིག་གིས་དབྱིན་ཡུལ་དུ་མི་སྒེར་རམ་ཚོགས་སྡེ་གང་རུང་ཞིག་ལ་གནོད་འཚེ་གཏོང་བ་དང་འཇིགས་སྐུལ་བྱས་ན་བཟོད་སྒོམ་བྱེད་ཀྱི་མ་རེད་ཅེས་བརྗོད་ཡོད་འདུག
ལོ་འདིའི་ཕྱི་ཟླ་༧ པའི་ནང་ཧོང་ཀོང་གིས་ལས་འགུལ་བ་བརྒྱད་འཛིན་བཟུང་ཐུབ་ན་བྱ་དགའ་སྤྲོད་རྒྱུའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། རྒྱལ་སྤྱིའི་ནང་ཧོང་ཀོང་གི་ཉེན་རྟོག་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག ད་བར་ལས་འགུལ་བ་གཅིག་ཀྱང་འཛིན་བཟུང་བྱེད་ཐུབ་མེད་ཀྱང་། ཉེན་རྟོག་པས་ལས་འགུལ་བ་དེ་དག་ལ་རྒྱབ་སྐྱོར་བྱས་པའི་ཉེས་མིང་འོག་མི་འགའ་ཤས་འཛིན་བཟུང་བྱས་ཡོད་འདུག
ཟླ་འདིའི་ཚེས་༡༤ ཉིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་(Amnesty International) ་ཞེས་པས་ཧོང་ཀོང་གིས་སྤེལ་བའི་གསལ་བསྒྲགས་དེ་ཉིད་ཕྱིར་འཐེན་བྱེད་དགོས་པ་མ་ཟད། བཙན་བྱོལ་དུ་ཡོད་པའི་ལས་འགུལ་བ་ཚོ་ལ་རོགས་རམ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་མི་རྣམས་ཀྱང་གློད་བཀྲོལ་གཏོང་དགོས་ཞེས་འབོད་སྐུལ་ཞུས་ཡོད་འདུག གཞན་ཡང་དམངས་གཙོ་དོན་གཉེར་བ་མང་པོ་གནས་སྡོད་བྱེད་ས་ཨ་རི་དང་དབྱིན་ཇི་གཉིས་ཀྱིས་ཧོང་ཀོང་གི་ཉེན་རྟོག་པའི་བྱ་སྤྱོད་ལ་སྐྱོན་འཛུགས་བྱས་ཡོད་འདུག
ཕྱི་ལོ་༢༠༢༠ ལོར་ཧོང་ཀོང་ནང་རྩོད་གཞི་ཆེ་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱས་རྗེས། ད་བར་མི་གྲངས་༣༠༠ ཙམ་འཛིན་བཟུང་བྱས་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།

 
							